ཞང་ཞུང་གི་མངའ་ཁུངས་ལ་དཔྱད་པ་རགས་བསྡུས།

རྩོམ་ཡིག་འདི་ཐེངས། 494 བཀླགས་འདུག

ཞང་ཞུང་ནི་སྟོན་པ་གཤེན་རབ་མི་བོ་མ་འཁྲུངས་བའི་གོང་ནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། སྐབས་དེ་ནས་ཆོས་སྲིད་རིག་དཔལ་སོགས་ཀྱི་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པར་ངེས། དཔེར་ན་སྟོན་པ་གཤེན་རབ་མི་བོའི་མཛད་མདོ་རྒྱས་པ་《དྲི་མེད་གཟི་བརྗིད་》དང་མཛད་མདོ་འབྲིང་པོ་《གཟེར་མིག》དང་མཛད་མདོ་བསྡུས་པ་《མདོ་འདུས》སོགས་སུ་སྟོན་པ་སྐུ་འཁྲུངས་བའི་སྐབས་སུ། ཉི་བོན། ཟླ་བོན། ཟེར་བོན། འཇའ་བོན། སྤྲིན་བོན་། ཁྲུས་བོན། ཕྱ་བོནསོགས་གཡེན་ཁམས་བོན་པོ་མང་པོ་གདན་དྲངས་ཏེ་སྟོན་པ་འཁྲུངས་བའི་མཛད་སྒོའི་སྟོན་མོ་རྒྱ་ཆེ་བར་མཛད། དེའང་ ཉི་བོན། ཟླ་བོན། ཟེར་བོན། འཇའ་བོན། སྤྲིན་བོན་ཟེར་བ་སོགས་ནི་ཡ་ཐོག་བོད་གྱི་སྐར་རྩིས་དང་གསོ་སྨན་ལ་མཁས་པ་ཤ་སྟག་རེད། མི་མང་པོ་ཞིག་གིས་འདི་འདྲ་བསམ་བློ་གཏོང་སྲིད། དཔེར་ན་ཉི་བོན། ཟླ་བོན། ཟེར་བོན། འཇའ་བོན། སྤྲིན་བོན་ཟེར་བ་སོགས་ཉི་མ་དང་ཟླ་བ། འཇའ་འོད་དང་སྤྲིན་རླུང་ནང་དུ་བཞུགས་ཏེ་གནམ་ལ་འཕུར་བ་ས་ལ་འཛུལ་བ།རྟགསདང་་རྫུ་འཕྲུལ་མང་པོ་སྟོན་ཐུབ་མཁན་འདྲེ་འམ་ལྷ་འདྲ་ཞིག་ངོས་འཛིན་གནང་ཡང་སྲིད། དེ་ནི་ཧ་ཅང་ནོར་འཁྲུལ་ཚབ་ཆེན་རེད། དཔེར་ན་ཉི་བོན། ཟླ་བོན་སོགས་ཟེར་བའི་དོན་ནི་ཉི་མ་དང་ཟླ་བ།འཇའ་འོད་དང་སྤྲིན་རླུང་སོགས་གྱི་འགུལ་སྐྱོད་དང་གཡོ་རྩོལ་ལ་བརྟེན་ནས་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་ཁ་ཆར་དང་གངས་ཐནསོགས་ཡོད་མེད་ཡང་ན་ནད་ཡམས་དང་ལོ་ཐོག་ལེགས་དང་མི་ལེགས་སོགས་ལ་བརྟག་དཔྱད་མཁས་པའི་རྩིས་པ་ཤ་སྟག་ཡིན་པ་ལས་ཉི་མ་དང་ཟླ་བ་སོགས་ཀྱི་ནང་དུ་འཚོ་སྡོད་བྱེད་པའི་དོན་མ་ཡིན།

  དེ་བཞིན་དུ་གཡུང་དྲང་བོན་ཀྱི་སྟོན་པ་གཤེན་རབ་མི་བོ་དང་དུས་མཉམ་ཙམ་ལ་ཞང་ཞུང་གི་རྒྱལ་བོ་ཁྲི་ཝེར་ལ་ནོར་འཛིན་གསེར་གྱི་བྱ་རུ་ཅན་ཟེར་བ་བྱོན་ནས་སྟོན་པ་གཤེན་རབ་མི་བོའི་སྦྱིན་བདག་བྱས་ཚུལ་ལོ་རྒྱུས་རྣམས་སུ་གསལ། རྒྱལ་བོ་དེ་ནི་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་ཀྱི་ཐོག་མར་ཡིན་ཞིང། ཞང་ཞུང་རྒྱལ་བོ་ལ་བྱ་རུ་ཞེས་པའང་ཕལ་ཆེར་སྐབས་དེར་གནང་བའི་ཐོབ་ཐང་ཞིག་ཡིན་ལས་ཆེ། རྒྱུ་མཚན་ནི་དེ་ཡར་སྔོན་རྒྱལ་བོ་རྣམས་ལ་བྱ་རུ་ཞེས་དམིགས་བསལ་ཡོད་པར་ད་ཕན་ལོ་རྒྱུས་སུ་གསལ་བོར་མ་མཐོང། གོང་ལྟར་བྱ་རུ་དང་ཁྱུང་རུ་ཞེས་པ་ནི་ཆོས་དང་སྲིད་ཀྱི་གོ་གནས་དང་ཐོབ་ཐང་མཚོན་པའི་རྟགས་ཅིག་རེད་པས། རྒྱལ་བོ་དེ་ཚོས་གཤེན་རབ་མི་བོ་ལ་ཞབས་ཕྱི་དང་ཡང་ན་སྦྱིན་བདག་མཛད་དེ། ཡ་ཐོག་ནས་དར་བའི་རྒྱུ་བོན་དང་གཞན་ཡང་ལྷ་བོན། ཀླུ་བོན། བཙན་བོན།བདུད་བོན་སོགས་གདོད་མའི་བོན་རྣམས་ལ་བསྒྱུར་བཅོས་བསྣུབས་གསུམ་མང་དུ་བྱས་དེ་གཡུང་དྲང་བོན་ཀྱི་བསྟན་པ་གསར་ཏུ་སྲོལ་ཕྱེས་བ་ཡིན། འོ་ན་གཡུང་དྲང་བོན་གྱི་བསྟན་པ་འདི་སྟོན་པ་གཤེན་རབ་ཀྱིས་གསར་བཏོད་བྱས་པ་ཞིག་ཡིན་ནམ་ཞེ་ན།གཡུང་དྲང་བོན་གྱི་ཐ་སྙད་དམ་ཡང་ན་ནང་དོན་འཐུས་ཚང་བ་ཞིག་གཤེན་རབ་མི་བོ་ནས་དར་ཡང་གཡུང་དྲང་བོན་གྱི་ནང་དོན་མང་པོ་དེའི་སྔོན་ནས་ཡོད་པར་ཤེས་དགོས།

  དཔེར་ན། བོན་ལུགས་གསང་སྔགས་སྤྱི་སྤུངས་སྐོར་དང་མ་རྒྱུད་སྐོར་སོགས་བློ་གསལ་འཆི་མེད་གཙུག་ཕུད་སྐབས་ནས་དར་བར་མ་ཟད།བོན་ལུགས་སུ་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ལ་ཁུངས་གཏུག དེའང་བོན་བཀའ་རིན་པོ་ཆེ་རྒྱུད་སྡེར་གཏོག་པའི་གཞུང《རྩ་རྒྱུད་ཉི་ཟེར་སྒྲོན་མ》ལས། “སྟོན་པ་འཆི་མེད་གཙུག་ཕུད་ཀྱིས། གཅུང་ཤེས་པ་དག་ལ་དབུ་རྒྱན་བསྐོན། (མ་འོང་སྟོན་པ་ཤེས་པ་ཡེ་གནས་ཁྱེའུ་ཆུང)།གཅུང་ཁྱོད་ང་ཡི་ཚབ་ཏུ་ནི།ལྷ་རྣམས་འདྲེན་པའི་སྟོན་པར་མཛོད། ང་ནི་གཏོ་རྒྱལ་བསྟན་རྟིང་དུ།སྟོང་གསུམ་མི་མཇེད་འཛམ་གླིང་དུ། བསྟན་པ་རྣམ་གསུམ་སྤེལ་དུ་འགྲོ། སྐུ་གསུང་ཐུགས་ཀྱི་བསྟན་རྫོགས་ནས།ཤེས་པ་ཡེ་གནས་སྲས་བུ་ཆུང། ཚེ་ལོ་བཅུ་པའི་སྟོན་པར་གྱུར། ”ཞེས་འཆི་མེད་གཙུག་ཕུད་ནི་སྟོན་པ་གཤེན་རབ་ཀྱི་སྐུ་ཚེ་སྔ་བའམ་སྐྱེ་བ་སྔ་མ་ཡིན་པར་བོན་ཀྱི་དཔེ་ཆ་རྣམས་སུ་ཡང་གྲགས་རེད། སྟོན་པ་གཤེན་རབ་ཡར་སྔོན་ནས་ཞང་ཞུང་ལ་སྔགས་དང་རྫོགས་ཆེན་དར་ཡོད་པ་བོན་པོ་རང་ལུགས་ཡིན་པས་བོན་བསྟན་དར་ཡོད་པ་སྨྲོས་མ་དགོས།གལ་དེ་ཡ་ཐོག་ནས་དར་བའི་སྔགས་སེམས་ཀྱི་སྐོར་དང་སྲིད་པའི་རྒྱུ་བོན་ སྐོར་གྱི་རྨང་གཞི་དེ་མེད་ན། གཡུང་དྲང་བོན་ཞེས་པ་དེ་ཡང་དེང་དུས་ང་ཚོས་མཐོང་ཐོས་སུ་གྱུར་པའི་བོན་ལྟ་བུ་ཞིག་ཡིན་སྲིད་ཀྱི་མ་རེད་སྙམ། སྟོན་པ་གཤེན་རབ་མི་བོས་བསྟན་པའི་བཀའ་འཁོར་རིམ་པ་གསུམ་སོགས་སུ་དཔྱད་ན་གཡུང་དྲང་བོན་ཞེས་པའི་ཁྱབ་ཁོངས་ནང་དུ་མདོ་སྔགས་རྫོགས་གསུམ་དང་རིག་པའི་གནས་་ལྔ།ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་རྔ་སོགས་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཡོད།བཀའ་འཁོར་ཐོག་མ་དང་བར་མའི་སྐབས་སུ་སྲིད་པའི་རྒྱུ་བོན་སྐོར་ཀྱང་རྒྱ་ཆེ་བར་བསྟན་ཡོད། ཕྲན་རང་གི་བསམ་ཚུལ་ལ།གཡུང་དྲང་བོན་ཀྱི་བརྗོད་བྱ་དང་འབྲེལ་བའི་ནང་དོན་མང་པོ་སྟོན་པ་གཤེན་རབ་ཡར་སྔོན་ནས་ཡོད་པར་སེམས། གཡུང་དྲང་བོན་ཀྱི་བརྗོད་བྱ་དང་མི་འབྲེལ་བའི་བོན་ཀྱང་དེ་སྔོན་ནས་དར་ཡོད། རྒྱུ་མཚན་དེས་ཕྱིར་ན། སྟོན་པས་གདོད་མའི་བོན་རྣམས་ལ་བསྒྱུར་བཅོས་བསྣུབས་གསུམ་སོགསཕྱག་ལེན་མང་དུ་མཛད་དེ་གཡུང་དྲང་བོན་ཀྱི་བསྟན་པ་གསར་དུ་བཞད་པའམ་ཡང་ན་རྒྱས་གསལ་གནང་བར་སེམས།

བོན་ཀྱི་མདོ་སྔགས་རྫོགས་གསུམ་ཡིན་ཀྱང་རུང།རིག་པའི་གནས་རྔ་ཡིན་ཀྱང་ཆོག ཡང་ན་ཐེག་པ་རིམ་དགུའམ་སྒོ་བཞི་མཛོད་ལྔ་ཡིན་ཀྱང་རུང་སྟེ། མདོར་ན་་རིག་པའི་གཞུང་ལུགས་དེ་ཚོ་ནི་སྟོན་པ་གཤེནམ་རབ་མི་བོའི་སྐབས་ནས་དར་བའི་རིག་གནས་སམ་རིག་གཞུང་རེད། དེས་ནི་སྐབས་དེར་ཞང་བོད་མི་རིགས་ཀྱི་བསམ་བློའི་ཡོན་ཚད་དང་འཚོ་བའི་ཆུད་ཚད་ཡང་ན་ལྟ་བའི་ཆུ་ཚད་སོགས་མཚོན་ཐུབ།ཤེས་རིག་འདི་དག་བོད་ཙམ་མ་ཟད་རྒྱ་གར་དང་རྒྱ་ནག སྟག་གཟིག་དང་ཁ་ཆེ་སོགས་ཁྱིམ་མཚེའི་རྒྱལ་ཁབ་མང་པོའི་རིག་གནས་དང་འཚོ་བ་ལའང་ཤུགས་རྐྱེན་དང་བསྒྱུར་བཅོས་རྒྱ་ཆེན་པོ་ཐེབས་ཡོད་པར་ཤེས་ཐུབ།

  འོ་ན་ཞང་ཞུང་གི་མངའ་ཁོངས་དེ་གང་ལ་ངོས་འཛིན་དགོས་ཞེ་ན། གཉའ་ཁྲི་བཙན་པོས་བོད་ཀྱི་སྲིད་དབང་བཙུགས་ནས་བོད་ཆེན་པོའི་སྲིད་དབང་མ་བྱུང་བའི་བར་དུ་སྟོད་ན་ཞང་ཞུང།སྨད་ནས་སུམ་པའམ་རྒྱལ་རོང་དང་མི་ཉག བར་ན་བོད་ཀྱི་ཡུལ་ཞེས་རྒྱལ་ཁབ་བཞི་པོའི་སྟོབས་འབྱོར་དང་མངའ་ཐང་སོགས་ཕན་ཚུན་དོད་མཉམ་ཙམ་དུ་གནསཡོད། དེ་རྣམས་ཀྱི་ཆོས་ལུགས་སམ་ཡང་ན་མི་སོ་སོའི་འཚོ་བ་དང་སྤྱི་ཚོགས་རིམ་པའི་ཁྲོད་དུ་དར་བའི་རིག་གནས་ནི་བོན་གྱི་རིག་གནས་ཁོ་ནར་ངེས།དུས་རབས་བདུན་པ་སྲོང་བཙན་སྒམ་པོ་ནས་བཟུང་ཞང་ཞུང་དང་སུམ་པ་མི་ཉག་སོགས་བོད་ཀྱིས་དབང་དུ་བསྡུས་ཏེ་བོད་ཆེན་པོའི་སྲིད་དབང་གསར་དུ་བཙུགས།དེ་ལས་ཞང་ཞུང་གི་ས་ཆ་ཁ་ཤས་ནི་རྒྱལ་ཁབ་གཞན་པའི་སྲིད་འོག་ཏུཐིམ།《 ཏུན་ཧོང་ཡིག་རྙིང་》ལས། “ རྒྱལ་འདྀའི་རིང་ལ། ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་ཏེ།ཆབ་སྲིད་མཛད་དེ། ཞང་ཞུང་གྀ་རྒྱལ་པོ་ལིག་མྱི་རྐྱའི་སྲིད་བརླགས།”ཞེས་སྲོང་བཙན་སྒམ་པོའི་སྲས་མོ་ཞིག་ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ་ལ་ཁབ་ཏུ་ཕུལ་ཏེ་གཡོ་ཐབས་ཀྱི་སྒོ་ནས་ཞང་ཞུང་རྒྱལ་པོ་སྐུ་བཀྲོངས། ཞང་ཞུང་གི་མངའ་རིས་ཐམས་ཅད་དབང་དུ་བསྡུས།

  རྒྱའི་གནའ་བོའི་ཡིག་ཚང་རྙིང་བ་རྣམས་སུ། “ཞང་ཞུང་ལ་(羊同)ཡང་ཐོང་ཞེས་བཀོད་ཡོད། ཡང་ཐོང་ལའང་ཡང་ཐོང་ཆེ་བ་དང་ཡང་ཐོང་ཆུང་བའམ་ཞང་ཞུང་ཆེ་བ་དང་ཞང་ཞུང་ཆུང་བ་གཉིས་ཡོད་པར་བཤད།ཞང་ཞུང་ཆེ་བ་ནི་ཤར་ནས་བོད། ནུབ་ན་ཞང་ཞུང་ཆུང་བ། བྱང་ན་ལི་ཡུལ་དང་འབྲེལཞིང་། ཤར་ནུབ་ཏུ་ལེ་བར་སྟོང་ཕྲག་ལྷག་ཡོད། ཧྲག་དམག་ཁྲི་ཕྲག་བརྒྱད་དགུ་ཙམ་ཡོད། “དེའང་མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་དུས་རབས་རིམ་བྱུང་ནང་དུ་འགྱུར་ལྡོག་སྣ་ཚོགས་བྱུང་དང་འབྱུང་བར་ངེས་པ་དངོས་པོའི་ཆོས་ཉིད་ཡིན། དེ་ལདུས་རབས་དང་བསྟུན་པའི་སྒོ་ནས་གོ་བ་ལེན་སྟངས་ཀྱང་མི་འདྲ་བ་ཡོད་པར་ཤེས་དགོས།དཔེར་ན་ཞང་ཞུང་ལའང་དེ་དང་འདྲ་བ་སྟེ། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དུ་འགྱུར་ལྡོག་སྣ་ཚོགས་པ་ཞིག་བྱུང་་ཡོད་ཅིང་།དེར་གོ་བ་ལེན་སྟངས་ལའང་མི་མཐུན་པ་མང་ཙམ་ཡོད་པ་སྨོས་མ་དགོས། དེས་ན་བཤད་མ་ཐག་པའི་ཞང་ཞུང་ཆེ་བ་དང་ཆུང་བ་ཞེས་པ་ནི་ཕལ་ཆེར་ཐང་རྒྱལ་རབས་སྐབས་ཀྱི་ཞང་ཞུང་གི་རྣམ་པ་དེ་དེ་འདྲ་ཞིག་ཡིན་པར་ངེས།

  བོན་ཀྱི་དཔེ་གཞུང་རྩ་ཆེན་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་《མ་རྒྱུད་དབུ་འཆད་》དང་《མ་རྒྱུད་སྒོམ་འགྲེལ》སོགས་སུ་ཞང་ཞུང་ལ་སྒོ་ཕུགས་བར་གསུམ་དུ་ཕྱེས་ཡོད།དཔེ་ཆ་ལ་ལར་ཞང་ཞུང་ཕུགས་པ་སྟག་གཟིག་འོལ་མོ་ལུང་རིངས་ལ་ངོས་འཛིན།ཡིན་ནའང་སྟག་གཟིག་ཞེས་པའིཚིག་འབྲི་གཉིས་ ལའང་ཡི་གེ་འབྲི་སྟངས་མང་པོ་ཞིག་འདུག དཔེར་ན་“ཏ་ཟིག་”དང་“སྟག་གཟིག་”དང་ཡང་ན་“རྟག་གཟིགས་”སོགས་འབྲི་སྟངས་མི་འདྲ་བ་ཁ་ཤས་འདུག དེའང་ཏ་ཟིག་ཞེས་པ་ནི་སྟག་གཟིག་གི་སྒྲ་ཟུར་ཆགས་པ་ལས་འགྲེལ་བཤད་གཞན་མེད། རྟག་གཟིགས་ཞེས་པ་ནི་བོན་ཀྱི་ཆོས་གཞུང་རྣམས་སུ་མང་པོ་བཀོད་ཡོད་ལ་གྲུབ་མཐའ་གཞན་པའི་ཆོས་གཞུང་དང་ལོ་རྒྱུས་དེབ་ཐར་རྣམས་སུ་ཚིག་འབྲི་འདི་བཀོད་མེད།དེ་ལ་འགྲེལ་བཤད་གནང་སྐབས་ཀྱང་སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་རྣམས་ལ་དུས་རྟག་དུ་གཟིགས་པས་ན་རྟག་གཟིགས་སོགས་ཟེར། སྟག་གཟིག་ཅེས་པའི་ཚིག་འབྲི་འདི་ལོ་རྒྱུས་དེབ་ཐར་མང་པོའི་ནང་དུ་བཀོད་ཡོད། དེའང་བོན་ཀྱི་ལོ་རྒྱུས་《ཞི་ཁྲོ་རྩ་འགྲེལ》ལས།ནུབ་སྟག་སྡེ་དང་གཟིག་འཕེན་ཞེས་གངས་ཏི་སེའི་ནུབ་ཕྱོགས་སུ་ཡོད་པའི་ཚོ་བ་ཆེན་པོ་གཉིས་ལ་ངོས་བཟུང་ཡོད། མཁས་དབང་ནམ་མཁའི་ནོར་བུ་དང་ཚེ་རིང་ཐར་སོགས་ཀྱིས་དེང་དུས་ཀྱི་པར་སིག་“波斯国”དང་ཕེ་རིང་གཉིས་ལ་ངོས་འཛིན་འདུག། དཔྲ་སྟོན་པའི་གསུང་དུ་དཔེ་ཆ་ལ་ལར་སྟག་གཟིག་ཅེས་བོད་ནུབ་ཕྱོགས་ཀྱི་ས་ཁྱོན་ཡོངས་ལ་ངོས་འཛིན་གནང་འདུག་ཅེས་བཤད།

  དེས་ན་མཁས་དབང་ནམ་མཁའི་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེ་འོད》ལས། ཞང་ཞུང་སྒོ་ཕུག་བར་གསུམ་གང་དང་གང་ཞིག་ལ་ངོས་འཛིན་དགོས་པ་ནི་ཤིན་ཏུ་རྙོགས་ཟིང་ཆེ་བའི་གནས་ཤིག་ཡིན། ཞང་ཞུང་སྒོ་ཕུག་བར་གསུམ་འདི་ཉེར་མཁོའི་སྣང་བའི་དགོངས་པ་ལྟར་བྱས་ན།ཞང་ཞུང་ཕུག་པ་ནི་གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན། མེ་སག་གི་པར་སིག་དང་། བྷ་དག་ཤན།བྷ་ལག་ཅེས་པའི་ཡུལ་ཁམས་འགའ་ཡོད་པ་དེ་རྣམས་ལ་ཐུག་པ་པའི་བར་གྱི་མངའ་སྡེ་རྣམས་ཡིན་པ་དང་། ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡོད་པར་བསྟན་པ་དེ་རྣམས་དང་། ཞང་ཞུང་བར་བ་ནི་《ཉེར་མཁོ་སྣང་བ 》【ཤ7བ1】་ལས། གངས་ཏི་སེའི་ནུབ་ཕྱོགས་ཞག་འགའི་ཤུལ་ཙམ་ན། ཚེདབང་རིག་འཛིན་གྱི་སྒྲུབ་གནས་བྱ་རི་གཙུག་ལྡན་ཡོད། ཅེས་པ་དང་། ཡང་【ཤ7བ2】ལས། ཏི་སེ་ནས་ཞག་ལམ་འཚམས་ཙམ་ན། བླ་ཆེན་དྲན་པའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ཡོད། དེང་སང་བོན་སྡེ་ཅི་རིགས་དང་དགོན་པའང་ཡོད། དེ་ནས་གངས་ཏི་སེའི་བར་ལ་གཡུང་དྲང་རིན་ཆེན་འབར་བའི་བྲག་ཕུག་ཡོད། གངས་རི་ཆེན་པོའི་མདུན་ཕྱོགས་ག་ལྗང་གཡུ་ལོ་རྫོང་ཞེས་པར་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་སོགས་ཡུལ་ཆེན་བཅོ་བརྒྱད་དུ་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱོན་པ་ཡིན་འདུག ཕོ་བྲང་གི་ཤུལ་སོགས་ད་ལྟ་ཅི་རིགས་སུ་ཡོད་ཟེར། ཞེས་པ་དང་། ཡང་【ཤ7བ5】ལས། ཏི་སེའི་ལྷོ་ཕྱོགས་སུ་རྡོ་མེ་འབར་གྱི་གནའ་དང་། དེའི་ཕྱོགས་སུ་བླ་མ་ཡོངས་སྟོན་ཆེན་པོ་སོགས་ཞང་ཞུང་སྙན་བརྒྱུད་ལ་བརྟེན་ནས་འཇའ་ལུས་པ་མང་པོ་བྱོན་པའི་གདུང་བརྒྱུད་ཀྱང་ཡོད། ཏྲེ་སྟོན་གྱི་གདན་དང་། ཡར་ཚང་གི་གདན་ས་དེའི་ཕྱོགས་ལ་ཡོད། མཚོ་མ་པང་ནས་ཤར་དུ་ཞག་བཅུ་ཙམ་ན་དགྲ་བླ་མོའི་རྟེན་གནས་སྟག་རི་ཁྲ་བོ་ཡོད། ཅེས་བྱ་རུ་གཙུག་ལྡན་དང་ཁྱུང་ལུང་དངུལ་མཁར། ག་ལྗང་གཡུ་ལོ་རྫོང་། ས་རྡོ་མེ་འབརདང་།སྟག་རི་ཁྲ་བོ་སོགས་ཀུན་ཞང་ཞུང་བར་བའི་ཁོངས་སུ་ཡོད་པར་བསྟནཔ་དང་། ཞང་ཞུང་སྒོ་བ་ནི་《ཉེར་མཁོ་སྣང་བ【ཤ7བ6】》ལས། སྨད་ཤེ་ལེ་རྒྱ་སྐར་ཞེས།ཁྱུང་པོ་རི་རྩེ་དྲུག་ཡིན་ལ། སུམ་པ་གླིང་གི་གྱིམ་ཤོད་ཀྱང་ཟེར། ཁྱུང་པོ་ཁོག་ཏུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། བློ་ལྡན་གྱི་གདན་ས་བྱ་ཟེར་སོགས་ཁྱུང་པོ་སྟེང་ཆེན་དགོན་སོགས་དགོན་སྡེ་མང་། ནང་གསེ་ཚོ་བ་སོ་དགུ་དང་། བྱང་ཕྱོགས་ཀྱི་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་ལ། དེའི་ནུབ་ཕྱོགས་ཨ་མདོ་སྟོད་པ་ཞེས་རྔུ་རྫ་སྒང་གི་རི་རྒྱུད་ཀྱི་མཚམས་སུ་བྲག་དམར་རི་འདུས་དང་སྤུ་རྒྱལ་གངས་དཀར། རྨ་ཡོ་ཀ་པ་སོགས་ཡོད། ཅེས་དཔྲ་སྟོན་པས་མཛད་པའི་《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོ་སྣང་བ》ཞེས་པ་ལ་དཔྱད་གཞིར་བཟུང་ནས་བྲིས་འདུག

  སུམ་པ་གླིང་གི་གྱིམ་ཤོད་ཅེས་པ་ནི་སུམ་པའམ་ཤར་རྒྱལ་མོ་རོང་ལ་གོ་བར་སེམས། སུམ་པའམ་སུམ་བྷ་ནི་དཔེར་ན་སུམ་པའམ་རྒྱལ་རོང་དགེ་བཤེས་ཙ་དང་ཆུ་ཆེན་རབ་བརྟན་སོགས་ཀྱི་ལོ་རྒྱུས་བཤད་སྐབས་ཁོང་རྣམ་པའི་རུས་ཁུངས་དངོས་ཁྱུང་ལ་ཐུག་ཚུལ་བཤད་ཡོད།ད་ལྟ་རྒྱལ་རོང་གི་རིག་གནས་ཕལ་ཆེ་བ་བོན་ནམ་ཞང་ཞུང་གི་རིག་གནས་ཡིན་པ་་དང་།རྒྱལ་རོང་གི་སྐད་ནང་དུའང་ཞང་སྐད་མང་དུ་འདྲེས་ཡོད་པ་སོགས་ཀྱིས་གསལ་བྱེད་ཐུབ་པ་རེད།

  དའང་བོད་ཀྱི་ལོ་རྒྱུས་རྣམས་སུ་མཚོ་སྔོན་ཀྱི་ལྷོ་ཤར་དང་བོད་ལྗོངས་ཀྱི་ཤར་ཕྱོགས་ཨ་མདོ་ཕྱོགས་སུ་གནས་པའི་སུམ་པ་ཞེས་རྒྱ་སྐད་ལ(苏毗)སུའུ་པེ་ཞེས་དང(东女国)ཏུང་ནུའུ་གོ་སྟེ་ཤར་ཕྱོགས་བུད་མེད་ཀྱི་རྒྱལ་ཁབ་ཟེར།ཁམས་ཕྱོགས་སུ་ཡོད་པར་བསྟན་ཡོད། དེའང་ བོད་ཡིག་ལ་ལར་སུམ་པ་ལ་སུམ་བྷ་ཞེས་པའང་བྲིས་འདུག ཡོངས་གྲགས་ལ་ཤར་རྒྱལ་མོ་རོང་ཟེར་བ་དེ་རེད། དེའང་སུམ་པ་ནི་བོད་ཀྱི་ལོ་རྒྱུས་ནང་དུ་སྐད་གྲགས་ཆེ་བའི་རྒྱལ་ཕྲན་ཞིག་ཡིན་པར་མ་ཟད་གཉའ་ཁྲི་བཙན་པོ་ནས་བཟུང་བོད་ཀྱི་རྒྱལ་རབས་རིམ་བྱུང་དང་འབྲེལ་བ་དམ་དུ་ཟབ་པ།དཔེར་ན་སྔར་གཉའ་ཁྲིའི་སྐབས་ནས་སུམ་པའི་རྒྱལ་པོ་ཨ་ཡང་རྒྱ་བ་བཏུལ་ཟེར་བ་ལྟར་བོད་ཀྱི་ཟུར་དུ་སུམ་པ་ཞེས་རྒྱལ་ཕྲན་ཞིག་ཆགས་ཡོད་པར་ཤུགས་ལས་བསྟན་པ་དང་།རྗེས་སུ་གནམ་རི་སྲོང་བཙན་སྐབས་གཉན་ཞང་ཞུང་།མཛོ་སུམ་པ་སོགས་ངོ་ལོག་ཚུལ་བཀོད་པ་ལྟར་ན་སྲོང་བཙན་སྔོན་ནས་བོད་འོག་ཏུ་ཡོད་པར་ཡང་བསྟན་ཐུབ། རྗེས་སུ་སྲོང་བཙན་སྐབས་ནས་བོད་ཀྱི་ཆབ་འོག་ཏུ་སླར་ཡང་བསྡུས་ཏེ་བོད་ལ་རུ་ལྔར་བསྒྲིགས་ཚུལ་ཡོད་པའི་ནང་ཚན་སུམ་པའི་རུ་ཞེས་རུ་ཚན་ཆེན་པོ་ཞིག་ཏུ་རྩི་ཡོད།དེ་ལྟར་ན་རྒྱ་སྐད་དུ(苏毗)ཞེས་པ་དེའང་སུམ་པའི་སྒྲ་ལས་ཟུར་ཆག་པར་བཤད་པས་དོན་ལ་གནས་པར་སེམས་སོ།།བོད་ཀྱི་ལོ་རྒྱུས《དེབ་ཐེར་དཀར་པོ》ལས།”སུམ་པ་ཉིད་བོད་ཀྱི་མངའ་རིས་སུ་ཡོད་པར་མ་ཟད་ཨ་མདོ་ཁྲོད་དུ་འདྲེས་ནས་གནས་ཚུལ་བཤད་པ་དང་།ཡང་རྒྱའི་ལོ་རྒྱུས་རྣམས་སུ།ཡུལ་གྱི་ལྟེ་བ་ཆབ་མདོ་དང་རྫ་ཆུའི་བརྒྱུད་དུ་ཡོད་ཚུལ་སོགས་མདོར་ན་བོད་ཀྱི་ཁམས་ཕྱོགས་སུ་ཡོད་པར་བསྟན་ཡོད་དེ།དེའང་དེང་དུས་ཀྱི་རོང་བྲག་དངཆུ་ཆེན།ཁྲོ་ཆུ་དང་འབར་ཁམས་།བཙན་ལྷ་དང་ཟུང་ཆུ། མཛོ་དགེ་དང་གཟི་ཚ་སྡེ་དགུ།ཐེ་བོ་དང་འབྲུག་ཆུ་ཇོ་ནེ་སོགས་ཡུལ་གྲུ་རྣམས་སུམ་པའི་མངའ་ཁོངས་སུ་གཏོགས།དཔེར་ན་བོད་ཆེན་པོའི་སྲིད་དབང་མ་བྱུང་བའི་གོང་མདོ་ཁམས་ལ་ཚོ་བ་ཆེན་པོ་གཉིས་ཡོད་པ་དེ་ནི་མི་ཉག་དང་སུམ་པ་གཉིས་ལ་ཟེར།

  ཀུན་མཁྱེན་ཤར་རྫ་བའི་《ལེགས་བཤད་རིན་པོ་མཛོད》ལས་ཞང་ཞུང་སྙན་བརྒྱུད་ཀྱི་དགོངས་པ་བསྡུས་ཏེ་འདི་ལྟར་བསྟན་ཡོད་དེ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་དུས་སུ། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས་སྟོང་བུ་ཆུང་གཅིག་དང་རྩ་གསུམ་ལས་མེད། ཞེས་དུས་རབས་བདུན་པའི་སྐབས་སུམ་པའི་མངའ་སྡེ་མང་པོ་ཞིག་ཞང་ཞུང་གི་མངའ་རིས་སུ་ཡོད་པ་དང་། ཡང་སྡེ་བ་ཚོ་གཅིག་བོད་ཀྱི་མངའ་ཁོངས་སུ་ཡོད་པར་བསྟན་ཐུབ། གཞན་ཡང་ མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཀྱི་དབུ་འཆད་སོགས་སུ་ཞང་ཞུང་ཕུགས་པའི་ལྟེ་གནས་རྒྱལ་མཁར་བ་ཆོད་ལ་ངོས་འཛིན།ཞང་ཞུང་བར་བའི་ལྟེ་གནས་བལ་ཡུལ་ཀྱི་ཡུལ་གྲུ་ཁ་ཤས་དང་ཨོ་རྒྱན་སོགས་དྲངས་ཡོད།ཞང་ཞུང་སྒོ་བའི་ལྟེ་གནས་ཁྱུང་ལུང་རྔུལ་མཁར་ཞེས་བཀོད་ཡོད། མཁས་པ་ལ་ལས་ཞང་ཞུང་ཕུགས་པ་སྟག་གཟིག།བར་བ་ཨོ་རྒྱན་དང་ཁ་ཆེ་བལ་པོའི་ས་ཆ་འགའ་ཤས་རྣམས་དྲངས་ཡོད། སྒོ་བ་མངའ་རིས་དང་ལ་དགས།ཧོར་ཁྱུང་སོགས་དྲངས་ཡོད། ཨོ་རྒྱན་ནི་དེང་དུས་པ་གི་སི་ཐན་ཀྱི་ནུབ་ཕྱོགས་སུ་ཡོད་པར་བཤད་སོགས་རྙོགས་ཟིང་ཆེའོ།

  ད་ལྟ་ས་འོག་ནས་གནའ་བོ་ཞང་ཞུང་གི་དུར་ས་དང་མཁར་ཤུལ། ལྷ་སྐུ་དང་ལུས་ཀྱི་རྒྱན་ཆ་སོགས་ཀྱི་དངོས་རྫས་ཐོན་དང་ཐོན་བཞིན་པ་ཡིན་ནའང་། ཞང་ཞུང་གི་སྒོ་ཕུག་བར་གསུམ་ར་སྤྲོད་དང་གསལ་བྱེད་ཀྱི་བདེན་དཔུང་དངོས་རྫས་ཁྱུང་ལུང་དངུལ་མཁར་ཙམ་མ་གཏོགས་ད་དུང་དཀོན་པོ་ཡིན་པས། ཕྲན་རང་གིས་ཀྱང་ཞང་ཞུང་སྒོ་ཕུག་བར་གསུམ་ཀྱི་ངོ་སྤྲོད་གནས་སྐབས་འདི་ནས་འཚམས་འཇོག་དགོས་ཐུག་སོང་།

  འདི་ནས་གསལ་བཤད་མཛད་དགོས་པ་ཞིག་ནི། སྤྱི་ལོ་༢༠༡༥ལོ་ཟླ་༡་ཚེས་༢༦དབྱིན་ཅིའི་རྒྱལ་ཁབ་ཉིནརེ་ཚེགས་པར་ལས་བཀོད་པ་ལྟར།༢༠༡༤ལོའི་ཟླ་༥་པའི་ནང་དུ་དབྱིན་ཅིའི་ Mes Aynakཞེས་པའི་ ཚང་ཁང་ཆེན་མོ་དེས་ཨ་ཕྷུ་ཧན་ས་ཆའི་དབུས་དཀྱིལ(阿富汗中部)གོས་ཅན་ལམ་དུ་ཟངས་གཏེར་རྐོ་བའི་སྐབས་ས་འོག་ནས་གནའ་བོའི་ནང་བསྟན་གྱི་དགོན་ཤུལ་ཆེན་པོ་ཞིག་རྙེད་འདུག དེར་གནའ་རྫས་ཞིབ་རྟོག་པ་ཨ་ཕྷུ་ཧན་དང་ཕ་རིན་སི་(来自阿富汗和法国的考古专家18名)ནས་མི་གྲངས་བཅོ་བརྒྱད་ཙམ་ཕེབས་ཅིང་ཞིབ་འཇུག་བྱས་ནས་བཤད་པ་ལྟར་ན།དགོན་པ་དེ་ནི་ཨ་ཕྷུ་ཧན་རྒྱལ་ས་ཁ་པུའུ་ཨེར་ནུབ་ཕྱོགས་ཀྱི་ལེ་བར་༣༠་ཙམ་གྱི་འཚམས་སུ་ཡོད་པ་དང་།སྤྱིར་གནའ་རྫས་འདི་དག་ཀྱང་སྤྱི་ལོ་༢༠༡༤ལོའི་ཟླ་༥་པའི་ནས་རྙེད་ཡོད་མོད། འོན་ཀྱང་དེར་ཞིབ་འཇུག་དང་བརྟག་དཔྱད་ཡིག་ཆ་སྒྲིག་སྦྱོར་སོགས་ཀྱིས་ལོ་ཕྱེད་ཙམ་འགོར་སོང་།སྤྱི་ལོ་༢༠༡༥ལོ་ཟླ་༡་ཚེས་༢༦་ཉིན་གཟོད་ཁྱབ་བསྒྲགས་བྱས་ཡོད། ཁོ་ཚོས་བཤད་པ་ལྟར་ན།དགོན་པ་འདི་ནི་སྤྱི་ལོ་སྔོན་གྱི་ལོ་བདུན་བརྒྱ་ཡས་མས་སུ་བཞེངས་པའི་དགོན་རྙུང་ཞིག་རེད་འདུག དེའང་སྤྱི་ལོ་༢༠༡༥ལོའི་བར་མི་ལོ་༢༧༠༠་འམ་ཡང་ན་༢༦༠༠་ཙམ་འགྲོ་དགོས་པ་རེད། དགོན་ཤུལ་དེའི་ནང་དུ་སངས་རྒྱས་སྐུ་ལས་འདམ་སྐུ་དང་ཤིང་རྐོ་ཅན་གྱི་སྐུ་དང་གསེར་འབག་ཅན་གྱི་སྐུ་སོགས་ཁྱོན་སྡོམ་༡༥༠་ཙམ་བྱུང་འདུག གཞན་ཡང་དངུལ་དང་ཟངས་སོགས་ཀྱི་སྒོར་སྐྲང་དང་ལུས་ལ་བཏགས་པའི་རྒྱན་ཆ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་།དེས་ན་དེང་སང་ཡང་གྲགས་གནས་བརྟན་པའི་ལུགས་ལ་སངས་རྒྱས་ཤྭག་ཀྱ་ཐུབ་པ་འདས་ནས་ལོ་༢༥༠༠ཙམ་སོང་བ་ཚང་མས་ཁས་ལེན་གྱི་ཡོད།དགོན་པ་དང་སྐུ་གཟུགས་རིག་གནས་ནི་དེ་ལས་ཀྱང་འཕྱི་ནས་བྱུང་དགོས་པ་སྨོས་མ་དགོས། དེས་ན་རྒྱ་གར་ཀྱི་བྱང་ཕྱོགས་བལ་པོ་དང་།ནུབ་པ་ཀི་སི་ཐན་གྱི་རྒྱལ་ཁབ་ཡོད། ནུབ་སྨད་ཕྱོགས་སུ་ཨ་ལ་པོ་ཟེར་བ་དང་ཡིན་ལང་ཟེར་བ་སོགས་ཡོད། པ་ཀི་སི་ཐན་བརྒལ་ནས་སོང་ན་ཨ་ཕྷུ་ཧན་ཟེར་བའི་རྒྱལ་ཁབ་དེ་ཡོད་པ་དེ་ལྟར་ན་རྒྱ་གར་དང་ཨ་ཕྷུ་ཧན་གྱི་བར་དུ་པ་ཀི་སི་ཐན་གྱི་རྒྱལ་ཁབ་ཡོད་པར་ཤེས་དགོས།དེས་ན་གནའ་སྔ་མོ་ལམ་གྱི་འགྲིམ་འབྲེལ་མི་བདེ་བ་དང་རྐང་འགྲོས་ངང་རྒྱལ་ཁབ་འགྲིམ་ནས་ལེ་བར་སྟོང་ཕྲག་མང་པོ་བཅད་དགོས་པ་དེ་ཙམ་ཀྱི་དུས་ན།རིག་གནས་འདི་ཚོ་རྒྱ་གར་ནས་ཨ་ཕྷུ་ཧན་དུ་དར་དགོས་པའང་ལོ་མང་པོ་ཞིག་དགོས་པ་དང་།ཡུལ་དེར་ཐོན་བ་དང་ས་དེ་གའི་རིག་གནས་དང་འོ་ཆུ་ལྟར་འདྲེས་ཅིང་རྒྱ་ཆེ་མང་ཚོགས་ཀྱི་དད་འདུན་བྱེད་ས་དང་སྒྲུབ་སྦྱངས་ཉམས་ལེན་བྱེད་སའམ་ཡང་ན་ནང་བསྟན་ཞིབ་འཇུག་དང་སློབ་སྦྱངས་ས་ཞིག་འགྱུར་དགོས་ན་དེ་བས་ཀྱང་ལོ་མང་པོ་ཞིག་བརྒྱུད་དགོས་པས་དགོན་པ་འདི་རྒྱ་གར་གྱི་ནང་ཆོས་དང་འབྲེལ་བ་ཡོད་ཅེས་བཤད་དཀའ་བར་འདུག འདི་ནི་ཕལ་ཆེར་སྟོན་པ་གཤེན་རབ་མི་བོའི་བསྟན་པའི་གཡུང་དྲངས་་བོན་གྱི་ཆོས་གཞུང་ལས་བྱུང་བའི་དགོན་པ་དང་སྐུ་གཟུགས་ཡིན་པར་ངེས།རྒྱུ་མཚན་ནི་བོན་པོ་རྣམས་ཀྱིས་གཤེན་རབ་མི་བོ་ལ་སངས་རྒྱས་སྟོན་པ་གཤེན་བར་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་ནས་བརྗོད་མ་ཟད།ཞང་ཞུང་གི་ཡུལ་དུ་གནའ་ནས་བོན་གྱི་དགོན་པ་མང་པོ་ཡོད་པར་བཤད་པ་དེ་ལྟར་ན་ལོ་རྒྱུས་དང་ཚན་རིག་གཉེས་གས་བདེན་དཔུང་བྱེད་ཐུབ་པ་མ་ཡིན་ནམ།དཔེར་ན་བོན་གྱི་ལོ་རྒྱུས་རྣམས་སུ་ཨོ་རྒྱན་ནི་ཞང་ཞུང་བར་བའི་ཡུལ་ཡིན་པ་དང་།ཨོ་རྒྱན་དགའ་རབ་རྡོ་རྗེ་ལ་ཞང་ཞུང་དགའ་རབ་སོགས་ཟེར་བ་དང་། དེའང་ཨོ་རྒྱན་ནི་དེང་དུས་ཀྱི་པ་ཀི་སི་ཐན་གྱི་ལྷོ་ཕྱོགས་ཨ་ལྷུ་ཧན་དང་ཐག་ཉེ་སར་ཡིན་པ་སོགས་གནའ་སྔ་མོ་ས་འདི་ཚོ་ཚང་མ་ཞང་ཞུང་གི་ས་ཡིན་ལས་ཆེ།དེས་ན་བོད་བཙན་པོའི་དུས་རབས་མ་བྱུང་བའི་གོང་དུ་ཞང་ཞུང་གི་ས་ཁྱོན་རྣམས་སུ་བོན་གྱི་རིག་གནས་དང་དགོན་པ་ག་ཅི་འདྲི་དར་ཡོད་པའང་ཤེས་ཐུབ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *