སེམས་འཕྲིན་དམར་པོ།
རྩོམ་ཡིག་འདི་ཐེངས། 399 བཀླགས་འདུག
༡༽
།
སྔོ་ལྗང་གཡུ་ལོའི་དབུས་ན་གནས་པའི་མ་ཡུམ་ཤེས་བྱའི་གཏེར་མཛོད་ཉིད།།
ཅང་མེད་ཡུལ་གྱར་ང་ཚོའི་གཞིས་ཁྱིམ་དྲོད་ཀྱིས་བསྐྱངས་པའི་ཁོར་ཡུག་ན།།
ཡོན་ཏན་ཀུན་འདུས་བརྩེ་བས་ཕྱུག་པའི་བཤེས་གཉེན་དམ་པ་གང་ཉིད་ཀྱིས།།
ཐུགས་ཀྱི་རིན་ཆེན་གསེར་འོད་སྤྲོས་པས་བློ་གསར་དུ་མའི་རྨོངས་པ་བསལ།།
ཁང་ཆུང་གྲུ་བཞི་དོག་མོའི་ནང་ནས་ཀ་ཁའི་དབྱངས་རྟ་ཐོག་མར་བསླབས།།
དྲིན་ཆེན་ཕ་མས་བུ་ལ་བྱམས་བཞིན་བསྙོན་མེད་བསླབ་བྱ་མང་དུ་བསྩལ།།
འཕྲལ་ཕུགས་ཀུན་གྱི་དམིགས་པར་འཚམས་པའི་མཛུབ་སྟོན་མདའ་མོ་གཟུ་བོར་གནས།།
རིས་མེད་སྐྱེ་བོ་ཡོངས་ཀྱི་མིག་གཅིག་སྒྲོན་མེ་ཉིད་ལ་གུས་ཕྱག་འཚལ།།
དུས་ཀྱི་འཁོར་སྐྱོད་མྱུར་བའི་དབང་གིས་ལོ་ཟླ་སྐད་ཅིག་ཉིད་དུ་འདས།།
མི་ཚེ་ཟེར་བའི་དབང་ཐང་ཅན་པོས་ཁ་ཕྱོགས་འདྲ་མིན་བསྐོར་བས་ན།།
དངོས་ཡོད་འཚོ་བའི་རང་དབང་དེ་ཡང་བཙན་གྱིས་འཕྲོག་ཏེ་རྒྱང་ལ་བསྐྲད།།
རིན་བྲལ་དུས་ཆེན་འདི་ཡི་མྱོང་བ་རྒྱང་རིང་ཡུལ་ནས་བྱེད་དགོས་བྱུང་།།
།
༢༽
།
ཤེས་བྱའི་ལྟེ་གནས་འདྲ་འདྲ་ཡིན་ཡང་གླིང་འདི་བཏང་སྙོམས་ངང་གིས་གནས།།
སྙན་ཞིང་འཇེབས་པའི་རྣ་བའི་བདུད་རྩི་འབྱུང་བའི་བདག་ཉིད་གང་དུ་ཡོད།།
ཡངས་ཤིང་མཐོ་བའི་མཁའ་ལ་བསྐྱོད་དེ་ཉི་ཟླ་གཉིས་ལ་སྐད་ཅིག་བསྐུར།།
དྭངས་གཙང་སེམས་ཀྱི་གཏིང་རིམ་ཞིག་ནས་ང་ཚོས་ཁྱེད་ཉིད་དྲན་བཞིན་ཡོད།།
རྩི་ཤིང་མེ་ཏོག་ཆུ་དང་བྲལ་ན་འཕེལ་སྐྱེད་ཡོང་ཐབས་མེད་པ་བཞིན།།
ཁྱེད་ཉིད་མེད་པའི་དུས་ཡུན་རིང་ལ་སྙན་ངག་ལྷ་མོ་ལྷན་དུ་བོར།།
སྐད་ཅིག་ལ་ཡང་སྡོད་པར་དཀའ་བའི་སེམས་འགྱུ་འདི་ཡང་ཡལ་བར་གྱུར།།
དེ་རིང་བཀྲ་ཤིས་དགའ་སྟོན་འདི་ལ་ཁྱེད་དང་སྙན་ངག་འཚོལ་བཞིན་ཡོད།།
ལྷག་བསམ་གངས་དཀར་ལྷུན་པོ་མཉམ་པ་ཤེས་བྱ་རྒྱ་མཚོ་དངོས་ཉིད་དེ།།
བདག་ཅག་བྱིས་བློ་གསལ་བའི་སློབ་དཔོན་གང་གི་ཐུགས་ཀྱི་མཐུ་ལ་བརྟེན།།
མ་རིག་མ་ཤེས་དངོས་པོའི་མཚན་མ་ཇི་སྙེད་ཡིད་ཀྱི་ཟབ་སར་བཞག།
དྲིན་གྱིས་བསྐྱངས་བའི་ཉིད་ཀྱི་བཀའ་དྲིན་ཕ་ལམ་དེ་ཉིད་བརྗེད་ཐབས་མེད།།
།
༣༽
།
དེ་རིང་སྐལ་ལྡན་ཉིན་མོ་འདི་ནི་ང་ལ་མཚོན་ན་ཅི་ཡང་ཡིན།།
གསེར་སྲང་སྟོང་གི་རྒྱན་ཆ་ཡོད་ཀྱང་ཤེས་ཡོན་སྟོང་ན་ཕྱི་ལྤགས་ཙམ།།
འཇིག་རྟེན་འདི་ཡི་འཕོ་འགྱུར་དེ་ཡང་མི་ཡི་རིག་པའི་རྩལ་ལ་རག།
དེ་ཕྱིར་འཛམ་གླིང་གང་ལ་མཚོན་ཡང་དུས་བཟང་འདི་ནི་ཁྱད་དུ་འཕགས།།
བཟོད་སྒོམ་ཆུ་མོའི་ངང་རྒྱུད་མངའ་བའི་བདག་གི་བཤེས་གཉེན་ཐམས་ཅད་ལ།།
དྲི་མེད་སེམས་ཀྱི་མེ་ཏོག་ཆུན་པོ་ཁྱེད་ཀྱི་དྲུང་དུ་ཕུལ་ནས་ནི།།
དཀའ་བ་ཁྱད་གསོད་ཉིན་མཚན་དབྱེར་མེད་སྐུ་ལས་བསྐྱོན་པ་དྲན་པ་ཡིས།།
སྒོ་གསུམ་གུས་པས་ཁྱེད་ཀྱི་ཞབས་ལ་མགོ་བོ་གཏུག་ཏེ་བཀའ་དྲིན་ཞུ།།
དེ་རིང་རྟེན་འབྲེལ་སྣ་འཛོམས་ཉིན་འདིར་ང་ཚོ་ཚང་མས་བཀྲ་ཤིས་འཇོག།
བཀྲ་ཤིས་ཁ་གཡང་ཤེས་བྱའི་དབང་པོ་རྒྱལ་བའི་བཀྲ་ཤིས་དང་པོ་འཇོག།
རྟེན་འབྲེལ་བཟང་བའི་དགེ་སློབ་མཛའ་བརྩེ་འཕེལ་བའི་བཀྲ་ཤིས་གཉིས་པ་འཇོག།
བཟང་བའི་ཉིན་འདི་ཁ་བ་ཅན་ནས་ནམ་ཞིག་རོལ་བའི་བཀྲ་ཤིས་འཇོག།
།
བསམ་ཚུལ་ཕྲིས།