ཁུ་ནུའི་ཡུལ་དུ་དམར་ཆོག་སྤངས་བཅོལ་བ།

རྩོམ་ཡིག་འདི་ཐེངས། 753 བཀླགས་འདུག

216712_111504768930754_7545362_n

ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།

སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྩེ་བ་ལས། “དེ་མཚམས་ཁུ་ནུ་མུ་རང་ཞེས་པའི་ཡུལ་གྲོང་ཁྱིམ་བརྒྱ་དང་བརྒྱད་ཅུ་ཅན་གྱི་ཡུལ་པ་ནས། དེ་རུ་ཡོང་དགོས་གདན་ཞུར་སླེབས་ཏེ་ཞུ་ངོ་མ་ལྡོག་རྐྱེན་དེ་རུ་སོང་། གོང་བཞིན་ལྷ་མིས་བསུ་བ་རྒྱ་ཆེན་བགྱིས་ཏེ་དགོན་པ་མངའ་རིས་ཆོས་གླིང་དུ་འབྱོར། ཡུལ་མི་ཆིག་སྟོང་དྲུག་བརྒྱ་སྐོར་ལ་ཚེ་དབང་བསྐུར་ཏེ་སྡིག་སྤང་དགེ་སྒྲུབ་སྤྱི་དང་། བྱེ་བྲག་ཡུལ་ལྷ་ཆེན་པོ་གཉིས་འདུག་པ་ལ། དམར་མཆོད་ལོ་རེར་ར་ལུག་དགུ་བརྒྱ་ལྷག་ཙམ་རེ་གསོད་དགོས་འདུག་པ་དེ་དག་སྤང་དགོས་ཞེས་འདོམས་པས། ཡུལ་མི་རྒན་པ་ཀུན་གྱིས་འདི་སྐད། ངེད་ཀྱི་ལྷ་འདི་དྲག་རྩུབ་ཁྲོ་གཏུམ་སྟོབས་ཤུགས་ཆེ་བས་སྔར་ཡང་དམར་ཆོག་ལན་འགའ་སྤངས་པས་ཡུལ་ལ་བཀྲ་མི་ཤིས་པའི་ནད་ཡམས་མུ་གེ་ལོ་ཉེས་སོགས་མི་བདེ་རིམ་བྱུང་ལ་ད་ཡང་དེ་ལྟར་འབྱུང་ངེས་པས་ཡོང་དཀའ་ཟེར་བ་ལ། དེ་ལྟ་མི་འགྱུར་བའི་ལོ་རྒྱུས་ཆོས་བཤད་བྱས་ཀྱང་། ཁོང་ཚོ་ཡི་མི་རང་བས་འདི་ལྟར་ཟེར། ངེད་ཚོས་དེ་ལྟར་བཀའ་ལ་ཉན་ཀྱང་ལྷ་ཡིས་མི་ཉན་པས་ལྷ་འཕབས་དགོས་ཟེར་ནས་ལྷ་ཕབས་པས་ལྷ་ཆེ་བས་དམར་ཆོག་བདག་གིས་སྤངས་ཀྱང་འཁོར་དང་སྡོང་ཟླ་མང་བས་མི་ཉན་པས་དེ་དག་ལ་བྱ་དགོས་ཟེར། མི་རྣམས་ཀྱིས་ཀྱང་དེ་ལྟར་ཟེར་ནས་ཉན་དཀའ་བར་འདུག་པས། ལྷ་དེ་རྣམས་གནས་ས་ག་ན་ཡོད་བྱས་པས་ལྷ་ཡི་ཕོ་བྲང་ཆེན་པོའི་འོག་ལྕོག་དམར་མཆོད་གཏོང་སའི་ཁང་པ་ཆེན་པོ་ཞིག་ཡོད་པས་གཙོ་ཆེན་དེ་རུ་གནས་པ་ཡིན། གཞན་ཡར་མར་ལ་གནས་ས་མང་པོ་ཡོད་ཟེར་བས། བདག་དོ་ནུབ་ལྷ་ཁང་དེ་རུ་གཉན་ས་གཅོད་དུ་འགྲོ་བྱས་པས། ཡུལ་མི་རྒན་རིགས་དང་གཡོག་པོ་ལོ་ཙཱ་བ་བཅས་ཀྱིས་དེ་རུ་ཕེབས་མི་རུང་། གཞན་མ་དགོས་རང་རེས་ལྷ་བདག་རྣམས་ཀྱང་ཕྱི་དྲོ་ཉི་མ་བཞུད་ནས་སུ་ཡང་འགྲོ་མི་ནུས་ཟེར། ལ་ལས་དེ་རུ་ཞག་གཅིག་བསྡད་དེ་སྐྱོན་མ་བྱུང་ན་དམར་མཆོད་སྤངས་ཆོག་ཟེར་བ་ལ་ང་ཡང་འཁོར་རྣམས་དང་རྒན་རིགས་ཀྱི་ངག་ལ་མ་ཉན་པར་དེ་རུ་གཉན་སར་འགྲོ་བ་ཐག་བཅད་དེ་གདན་གོས་ཌཱར་རྐང་སོགས་ཡུལ་མི་ལྷ་གཡོག་རྣམས་དང་རང་སློབ་དཔལ་ཚུལ། གཡུང་ཤེས། ལིད་དགེ་བསྟན་པ་བཅས་ལ་ཁྱེར་བཅོལ་ནས་སོང་བས་གྲོང་ཁྱེར་ཟད་མཐར་ལྷ་ཁང་ཆེན་པོའི་ཤར་སྒོ་སྟེང་མ་ཞིག་མར་ཕྱིས་ཏེ་ནང་དུ་སོང་ནས་སྒྲོན་སྐས་ཆེ་བ་ཞིག་མར་བབས་ཏེ་གསང་ལྕོག་ཅིག་ནས་ཕར་སོང་བས་ཁང་ཐོག་ཆེན་པོ་ཞིག་ཏུ་དམར་ཆོག་གི་ཤ་ཟ་བའི་བྱ་ཁྱི་མང་པོ་སྐད་འདོན་ཅིང་འདུག་པའི་སྦུག་ཏུ་སྒོ་ཆེན་པོ་ཞིག་འདུག་པ་ཕྱེས་ནས་དེར་ཕེབས་ཟེར་ཏེ་ཁོང་རྣམས་འཛུལ་མི་ནུས་པས་དེ་རུ་ཁྲག་རུལ་གྱི་དྲི་ངད་དང་སྒོ་དང་ས་རྡོ་ཐམས་ཅད་ཁྲག་ཤ་ཆགས་ནས་འདུག་པའི་ནང་དུ་མར་ལ་རྒྱ་མཐོང་ཆེ་བ་ཞིག་འདུག་པའི་འོག་ཁང་ལ་ཁྲག་གི་མཚོ་འཁྱིལ་ཞིང་ཁར་སེམས་ཅན་བཏགས་སའི་རྡོ་ཕུར་དང་སྐེ་གཅོད་པའི་རལ་གྲི་བཅས་འདུག དེ་ནས་རང་གི་གོས་སྟན་དང་ཌཱར་རྐང་རྣམས་ནང་དུ་ཁྱེར་ཏེ་རྒྱ་མཐོང་ཁར་བསྡད། ཁོང་རྣམས་ལ་སྒོ་འཐེན་ལ་ལྡེའུ་མིག་རྒྱོབ་ཅིང་སང་ཉི་ཤར་ཁར་ཤོག་བྱས་པས་དེ་བཞིན་རོགས་རྣམས་སྒོ་བརྒྱབ་སྟེ་ཕྱིར་ལ་སོང་། རང་ཉིད་གཅོད་ལུགས་ལྟར་བྲོ་ར་ཕུར་འཁྱེར་བཏང་ཞིང་གདན་ལ་འཁོད་དེ་མཉམ་པར་གནས། སྲོང་ལ་དམར་འགྱེད་བཏང་སྟེ་སྣང་སྲིད་འཁོར་འདས་མཉམ་པ་ཆེན་པོར་བཞག་སྟེ་བསྡད་སྐབས། དང་པོ་ཁང་པའི་སྟེང་འོག་ཚེགས་སྒྲ་དང་ལྡེག་སྒྲ་འུར་སྒྲ་འགའ་བྱུང་ཡང་རིམ་བཞིན་ཇེ་འཇམ་གྱིས་ཞི་སྟེ་སློང་ཚད་དྲག་པོ་གང་ཡང་མ་བྱུང་བར་འཇམ་ཆགས་སུ་གཉིད་གཡུར་སོང་བས་རྨི་ལམ་དུ་ཡང་གདུག་རྩུབ་དྲག་པོ་མ་ཤར་བར་རང་ལུས་ཤ་རི་ཁྲག་མཚོར་སྤུངས་ཏེ་སྦྱིན་པ་བཏང་བས་སྡེ་བརྒྱད་དང་མི་མ་ཡིན་གྱི་གཟུགས་སྣ་ཚོགས་ཀྱིས་ཟོས་ཤིང་འཐུངས་ནས་དགྱེས་འགྲངས་ངོམས་ཏེ་འགྲོ་ལ་གནོད་འཚེ་སྤངས་ཤིང་བཀའ་ཉན་བསྟན་བསྲུང་དུ་ཁས་བླངས་སོང་བའི་སྣང་བ་ཤར། ནམ་ལངས་པ་དང་དཀར་འགྱེད་བཏང་། ཆོས་སྦྱིན་ཡང་དག་བྱས་ཏེ་གཉན་སའི་མཇུག་བསྡུ་རིམ་པ་ལུགས་བཞིན་བྱས་མཐར་རོགས་གཡོག་པོ་ལྷ་བདག་རྣམས་སླེབས་ཏེ་སྒོ་ཕྱེས་བྱུང་བས་ལངས་ཏེ་གོས་སྟན་ཌཱར་རྐང་རྣམས་ཁྱེར་ནས་བཀྲ་ཤིས་བསྔོ་སྨོན་དགེ་ལེགས་བྱས་སྟེ་སྒོར་ཐོན་ནས་འོང་། རོང་པ་རྣམས་ཀྱིས་ཕྱག་འཚལ་བྱིན་ཞུ་ཆེད་ཡར་དགོན་པ་རུ་འབྱོར། དེ་ཉིན་ལྷ་ཕབས་ཏེ་དམར་ཆོག་སྤངས་པར་ཁས་བླངས་དམ་བཅའ་ཟིན། འདི་ཡི་ལོ་རྒྱུས་དང་གསོལ་མཆོད་བྱ་ཐབས་ཡོད་ཀྱང་ཡི་གེ་འདིར་མ་བཀོད། དེ་ནས་ཡུལ་སྡེ་སྤྱི་སྒེར་གྱི་ཞབས་རིམ་དང་། དགོན་པར་ཁྲུས་གསོལ་རབ་གནས་དང་གཅོད་ལུགས་ཚོགས་བརྒྱ་སྦྱིན་སྲེག་བཅས་བཏང་། ཡར་མར་རི་སུལ་དང་ཆུ་འགྲམ་སོགས་ལྷ་གནས་ས་ཀུན་ལ་ལུས་སྦྱིན་དམར་འགྱེད་རེ་བཏང་། དེ་ནས་ཀུན་བཟང་ཞལ་ལུང་གི་ཁྲིད་ལུང་དང་ས་གཏེར་སྔོན་འགྲོ་བཅས་ཁྲིད་པས་འགྲོ་བསགས་མི་ཉི་ཤུ་སྐོར་བྱུང་། རི་ཁྲོད་མཚམས་ཁང་བསྟེན་པའི་ཕན་ཚུན་མཚམས་པ་གསུམ་འདུག་པ་ལ་སེམས་ཁྲིད་གེགས་སེལ་བོགས་འདོན་བྱས། དེ་ནས་མར་ལོག རིས་སྤག་ཡུལ་དུ་ཚེ་དབང་ཚོགས་འཁོར་ཁྲུས་གསོལ་རབ་གནས་སོགས་བྱས། ལྷ་ཡིས་དམར་མཆོད་སྤངས།” ཞེས་སོགས་གསུངས་སོ།

/

IMG_9161

ཁུ་ནུའི་རྒྱལ་ས་རམ་པུར་གྱི་རྒྱལ་པོ་ཏམ་སེང་ཧ་སྐུ་འཁོར་བཅས། ཕྱི་ལོ་ ༡༩༣༡ ལོ།

མཆན། ལྕགས་ལུག་ཟླ་༼༡༩༣༡༽དང་པོར་ཁུ་ནུ་རྒྱལ་ས་རམ་པུར་རྒྱལ་པོ་པོ་ཏམ་སེང་ཧ་དང་བཙུན་མོ་སོགས་ལ་ཆོས་འབྲེལ་གནང་ཞིང་བྱམས་མ་རིགས་སྐྱོབ་ཀྱི་སྲུང་བ་བྱིན་པས་ཕྱི་ལོ་རྒྱལ་སྲས་ཤིག་འཁྲུངས། དེའང་ཁུ་ནུ་ཡུལ་དུ་ལོ་ལྔ་བཞུགས་རིང་དུ་ལིད་ཐང་དང་། ཆོས་དར་ཕུག སྤང་ཕུ། ཅབ། ཀྱི་ལ། གྲབ་གླིང་གྲོབ་གླིང་། གསེར་རིང་བཅས་ལ་རི་ཁྲོད་སྒྲུབ་ཁང་གསར་བཞེངས་མཚམས་བསྙེན་སྒྲུབ་བཅད་རྒྱ་དང་རི་ཆོས་སོགས་མཛད་ཅིང་། རང་སློབ་གྲྭ་པ་བཞི་ཕ་ཡུལ་ཕྱོགས་ལ་དཔེ་ཆ་ལེན་དུ་བཏང་བས་ག་རྒྱ་དང་ཕ་ཡུལ་ནས་དཔེ་ཆ་རྣམས་བླངས་ཏེ་རྒྱལ་རྩེ་ནས་སྦྲག་ཐོག་བརྒྱུད་དེ་ཁུ་ནུ་རྒྱལ་ས་ཅིན་དུ་འབྱོར། དཔྱད་གསུམ་དག་རྩིས་དང་ཟབ་ཆོས་ཁྲོས་མ་སོགས་ཀྱི་དཔར་རྩ་བྲིས་ཏེ་དྷེ་ཧ་ལིར་དཔར་བཏབ་སྟེ། སྟོད་སྨད་བར་གསུམ་དད་སྦྱིན་བླ་གྲྭ་སྐྱ་སེར་ཀུན་ལ་ཆོས་སྦྱིན་བྱས། མི་སེར་སྟོང་ཕྲག་མང་པོ་ལ་ཚེ་དབང་བྱིན་རླབས་དང་སྔོན་འགྲོ་བློ་ལྡོག་སོགས་དྲང་ངེས་ཀྱི་ཁྲིད་ལུང་ཆོས་འཁོར་བཙུགས་ཤིང་དགེ་བསྐུལ་ཆོས་བཤད་གང་ཟབ་མཛད་ཅིང་དགེ་བསྐུལ་དགེ་ཚོགས་རྒྱ་ཆེན་སྤེལ། སྤང་པ། ཨ་ས་རོང་། ཧྲིབ་རང་། མུ་རང་། རིས་སྤག སྤིལ། སྐྱབ། བྱང་། པུ། ཀ་ནམ། ཤར་པ། སུམ་ནམ། ཧང་། ལི། ཅང་། ན་གོའི་ཡུལ་བཅས་ལ་ཡས་མས་ཕེབས་སྐབས། དེར་སྤང་པའི་ཡུལ་ལྷ་བསམ་འགྲུབ་དབང་རྒྱལ་གཙོས་པའི་ཨ་ས་རོང་སོགས་ཡུལ་སོ་སོའི་ཡུལ་ལྷ་ཆེན་པོ་བཅུ་དྲུག་དང་ཡན་ལག་དྲེགས་ཚོགས་རྣམས་ལ། དེ་སྔོན་ར་ལུག་སོགས་སེམས་ཅན་སྲོག་བཅད་དེ་ཤ་ཁྲག་དམར་ཆོག་འབུལ་བའི་འཚེ་བ་ལོག་ལམ་དུ་སོང་བའི་སྲོལ་ཡོད་པས། ལྷ་འདྲེ་ཀུན་དམ་ལ་བཏགས་ཤིང་ཡུལ་གྱི་ལྷ་མི་སེར་སྐྱ་ཀུན་གྱིས་སྡིག་རྒྱུན་གཅོད་པའི་བློས་བླངས་ཆོད་དོན་འགྱིས་ཤིང་ཡུལ་ལྷའི་གསོལ་མཆོད་དང་མཆོད་པ་གྲོ་ཁུར་དཀར་མངར་རིགས་བརྟེན་དུ་བཅུག སྤང་དང་ཨ་ས་རང་བར་གྱི་རི་རྩེར་རྡོ་ལ་ཞབས་རྗེས་ཤིག་དང་། ཧྲིབ་ཀྱི་རྒྱབ་རི་ཀེ་ལ་ཤའམ་གངས་ཆེན་དེའི་རྩེ་དང་གསེང་ཡར་མར་ལ་བྱ་བཞིན་ཕེབས་པ་སོགས་གྲུབ་པའི་རྟགས་ཀྱང་མཛད། དེ་ལྟར་ལྷ་འདྲེ་དང་སྐལ་ལྡན་རྗེས་འཇུག་མང་པོ་སྨིན་གྲོལ་གྱི་ལམ་མཆོག་བཀོད་གྲུབ་ཅིང་ཀུན་ལ་ཆོས་གདམས་དང་བདེ་བཞུགས་མགུར་གླུ་བཅས་མཛད་དེ་ཐོན། དེ་ནས་ཚུར་རིབ་ནས་རིམ་པར་བརྒྱུད་དེ་རྩ་རང་ཁྱུང་ལུང་རྒྱ་ཉི་ནམ་མཁའ་ཁྱུང་རྫོང་བཅས་ཕེབས། ཞེས་རྣམ་ཐར་ནས་ཚིག་བསྡུས་བྱས་པ་ཡིན།

དེའང་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེ་ཕེབས་རྗེས་སུ་ཁུ་ནུའི་ཡུལ་དུ་གལ་སྲིད་ཡུལ་ལྷ་ལ་དམར་མཆོད་འབུལ་མཁན་བྱུང་ནའང་། ལྷ་བདག་སྟེ་ལྷ་ཁོག་ཞུགས་ཏེ་ཡུལ་ལྷ་འབེབ་མཁན་ཚོས། རིག་འཛིན་འཇིགས་མེད་ནམ་མཁའི་རྡོ་རྗེའི་དྲུང་དུ་སྲོག་བཅད་དམར་མཆོད་ཀྱི་ཤ་ཁྲག་ཁས་མི་ལེན་ཞེས་དམ་བཅའ་ཕུལ་ཚར་བ་ཡིན་པས། ད་ཁྱེད་ཚོས་དམར་མཆོད་འབུལ་ཡོང་ན་མི་འགྲིག་ཅེས་བརྗོད་སྲོལ་བྱུང་བའི་ལོ་རྒྱུས་རྒན་རབས་ཚོས་ཤོད་སྲོལ་འདུག

ཞེས་ཞང་ཞུང་ཁྱུང་ལུང་རྔུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས། ༢༠༡༢-༡༢-༡༢ཉིན་བཀོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *