ཉི་ཟླ་ཟུང་།

རྩོམ་ཡིག་འདི་ཐེངས། 333 བཀླགས་འདུག

སྙིགས་མའི་རྒུད་པ་ལས་དང་རྐྱེན་གྱིས་ཤར་ནས་དྲག་ཏུ་བསྐྱོམས་པ་དང་། །

མེ་ལྕེའི་ཚོགས་རྣམས་གདོན་གྱིས་བརླམས་པས་གནམ་སའི་བདག་པོ་ང་ཡིན་ཞེས། །

འཇིགས་རུང་མཚོན་ཆ་སྐར་མདའི་ཟོལ་གྱིས་གངས་རིའི་སྙིང་ཁར་གཟས་པའི་སྐབས། །

ཁ་བའི་རྣམ་ཤེས་སྡུག་གི་མཚན་མོར་བཙན་གྱིས་བཞུ་བའི་ལོ་ནག་དེར། །

སྤྱི་བོར་འཛུམ་པའི་ཉི་ཟླ་ཟུང་གིས་མ་འོངས་སྔོན་དུ་གཟིགས་པའམ། །

ཞང་ཞུང་ཏི་སེར་ཕྱི་མིག་དང་བཅས་ཞབས་ཟུང་ལྷོ་བལ་ཕྲེང་ལ་བསྟར། །

ཤེལ་ལས་དཀར་བའི་དམ་ཚིག་གཙང་མ་ཤ་དང་རུས་པའི་གསང་དུ་བསྐྱིལ། །

ནུབ་གླིང་ཤེས་བྱའི་སློབ་ཆེན་འགྲིམས་ཏེ་སྐད་གཉིས་སྨྲ་བའི་ཁྲི་འཕང་མནན། །

གཡར་པོའི་གནས་ལ་བཤད་སྒྲུབ་བསྟན་པའི་ས་བོན་དཀར་པོ་གསར་དུ་བསྐྲུན། །

མགོན་མེད་བོན་འབངས་བརྒྱ་ཕྲག་མང་པོར་དབུགས་འབྱུང་བསྐལ་བཟང་སྙིང་ལ་བསྩལ། །

གཅེར་བུར་རྒྱུ་བའི་ད་ཕྲུག་གྲངས་མེད་བཀྲེས་དང་སྐོམ་པའི་བར་དོ་དེར། །

གནས་ལྔ་རིག་པའི་རྒྱགས་ཕྱེ་བསྐྲུན་མཛད་ཡབ་རྗེ་བྱང་སེམས་དཔོན་གསས་ཟུང་། །

འབྱུང་བཞིའི་རྡུལ་ཕྲན་མཚོན་དུ་བརྫིས་ཏེ་གླིང་བཞིའི་གདོང་པར་གཞུས་ཀྱང་རུང་། །

གནམ་ས་ཆ་ལང་གཅིག་ཏུ་བསྡེབ་སྟེ་མུན་པའི་ཁམས་སུ་གྱུར་ཀྱང་ཆོག །

འོན་ཀྱང་ཡབ་རྗེ་མགོན་པོ་རྣམ་གཉིས་བསྐལ་བ་སྟོང་གི་མཐའ་མ་བར། །

བདག་ཅག་གྱེར་འབངས་མཁའ་དབྱིངས་མཐོན་པོར་གཟིམ་པ་མེད་པར་འབར་འགྱུར་ཅིག །

༢༠༡༥།༡༢།༥

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *