བོད་ཆེན་པོའི་ཆེ་བ་བརྗོད་པ་ཚེ་རིང་དབྱངས་ཅན་མགྲིན་པའི་འགྱུར་ཁུགས།
རྩོམ་ཡིག་འདི་ཐེངས། 654 བཀླགས་འདུག
འདི་ནས་ཤར་ཕྱོགས་ལེ་དབར་བརྒྱད་སྟོང་ན།།
ཆུང་ཆུང་ས་གཞི་ཟླུམ་པོའི་སྤྱི་གཙུག་ཐོག།
མཐའ་བཞི་སྟོབས་ཀྱིས་བཟུང་བའི་རྒྱལ་ཁམས་ཏེ།།
གངས་ཅན་བོད་ཅེས་བྱ་བའི་ཡུལ་ཞིག་ཡོད།།
མཐོན་པོའི་ས་སྒང་གངས་ཀྱི་ར་བས་བསྐོར།།
དམའ་མོའི་སྤང་ཐང་རྩི་ཤིང་མེ་ཏོག་ཅན།།
ཡོན་ཏན་བརྒྱད་ལྡན་ཆུ་གཙང་ཕྱོགས་བཞིར་འབབ།།
མཐོ་རིས་དགའ་ཚལ་ས་ལ་འཕོས་འདྲ་ཡོད།།
གྲངས་མེད་མི་ལོ་འདས་པའི་ཡར་སྔོན་ན།།
སྤྲེལ་སྲིན་སྣང་བ་མཐུན་པའི་ཁྱིམ་ཞིག་བཅས།།
རིགས་ཀྱི་མེ་ཏོག་སོ་སོར་མཆེད་པ་ལས།།
སྤྲེལ་ཚ་རིགས་བཞིའི་མི་རྒྱུད་བྱུང་ཞེས་གླེང་།།
ལས་རླུང་དྲག་པོས་ས་ཡི་འཇིག་རྟེན་འདིའི།།
གཏིང་མའི་རིན་ཆེན་དཀྲུགས་པའི་དྭངས་མ་ནི།།
པད་དཀར་འདབ་སྟོང་ཚུལ་དུ་ཕྱིར་མཆེད་པར།།
གངས་ཅན་བོད་ཅེས་བརྡ་དང་ཐ་སྙད་ཐོགས།།
རི་མཐོ་ལུང་ཟབ་ཚ་གྲང་འཐབ་པའི་ཡུལ།།
འགྱུར་འགྲོས་རྐྱེན་པའི་དུས་བཞིའི་ནམ་ཟླའི་ཁྲོད།།
ཤ་ཁྲག་ལུས་པོར་འཚོ་ཐབས་སེམས་རྒྱས་ཤིང་།།
བླང་དོར་གནས་ལུགས་དཔྱོད་པའི་བློ་རིག་འཕེལ།།
འདོམས་དང་ནུ་མ་གཅན་གཟན་པགས་པས་བཀབ།།
བ་ཕྱུག་འོ་མ་འབྲོང་ར་སྨུག་པོར་འཇོ།།
ཤ་ཁྲག་དམར་ཟས་གཅན་གཟན་བཞིན་ཏུ་སྤྱོད།།
རྩྭ་ཁང་ཤིང་ཁང་ཕུག་པ་སྐྱིབས་སུ་བསྟེན།།
ཁ་ཟས་འཚོལ་བཞིན་དུག་སྨན་སོ་སོར་ཤེས།།
རི་དྭགས་རྔོན་བཞིན་འཕོང་དང་སྐྱེན་ལ་མཁས།།
ང་ཁྱོད་རྩོད་བཞིན་མཐུན་སྡེབ་རིས་སུ་ཆད།།
རང་རྒྱུད་ཆགས་པས་རིགས་རུས་མཁྲེགས་འཛིན་དར།།
གངས་སེང་ཁྲོས་པས་གངས་ཀྱི་རི་བོ་འདར།།
འབྲོང་རྒོད་ངར་མས་ཧར་སྒྲས་རི་སུལ་ལྟེབ།།
སྟག་གཟུགས་དོམ་དྲེད་གླང་སྨྱོན་རྩུབ་སྤྱོད་དང་།།
འགྲོགས་པའི་བོད་མིས་ས་ཆེན་དབུ་རྩེ་སྒུལ།།
བྲམ་ཟེའི་ཡུལ་ནས་བྱུང་བའི་རྒྱ་གར་ཆོས།།
ཏི་སེའི་རྒྱུད་ན་དར་བའི་ཞང་ཞུང་བོན།།
གང་གིས་མ་བཅོས་གདོད་མའི་ཁ་བ་ཅན།།
མཁྲེགས་པོའི་ཚེ་སྲོག་གནམ་ལྕགས་ཕུར་པ་འདྲ།།
རི་ཆུ་ནགས་ལྷར་མཆོད་པའི་རྟེན་བྱེད་ཅིང་།།
དམུ་ཐག་དཀར་པོར་རྣམ་ཤེས་ཐིམ་པའི་དུས།།
སྣང་བའི་ན་བུན་ཀློང་ན་ངལ་གསོ་བའི།།
ངོ་མཚར་མེས་པོའི་རྟོགས་བརྗོད་ཡིད་དུ་འོང་།།
གནམ་གྱི་འཁོར་ལོ་བརྩི་བའི་འཕྲུལ་མངའ་ཞིང་།།
གཟུགས་ཅན་གཟུགས་མེད་སྐྱེ་ཁམས་སྙོམ་ལ་མཁས།།
དགྲ་ལྷའི་དཔུང་བསྟོད་རང་ཚུགས་དབུ་རྨོག་བཙན།།
གདོད་མའི་ང་ཚོ་དགུང་གི་སྐར་ཆེན་འདྲ།།
ཆོས་བོན་ཤེས་རིག་རྒྱ་མཚོ་སྲུབས་པ་ལས།།
བླང་དོར་གནས་ལུགས་སྟོན་པའི་འོད་དཀར་ཅན།།
མེས་པོའི་ཁམས་འདིར་ཚེས་པའི་རྟེན་འབྲེལ་ལས།།
ཡར་ཐོན་སྤྱི་ཚོགས་འཕེལ་བའི་ལམ་ཁ་ཕྱེས།།
དེ་ན་འཚོ་བའི་གདོང་དམར་རིགས་ཀྱི་རྒྱུད།།
སེམས་པ་བཟང་ཞིང་རྣམ་དཀར་ལས་ལ་བརྩོན།།
དཀའ་ཐུབ་བཟོད་ཅིང་ཕྱི་ཐག་རིང་བ་སྟེ།།
གཞན་ལ་མེད་པའི་རིགས་རྫས་གྲུབ་ཅེས་གླེང་།།
དམག་རྟས་ས་ཆེན་རྡུང་བའི་སྲུང་བཙན་དང་།།
ཤེས་རིག་དཔལ་ཡོན་སྤེལ་བའི་ཁྲི་སྲུང་ལྡེ།།
ལུགས་གཉིས་ཁ་འཛིན་འདྲེས་པའི་རལ་བ་ཅན།།
བཙན་པོར་མཚུངས་ཀྱང་བྱས་རྗེས་ཡེ་མི་འདྲ།།
ཕྲ་རགས་སེམས་ཀྱི་འཇིག་རྟེན་མངོན་གྱུར་ནས།།
ཟག་བཅས་འཇའ་ལུས་སྒྱུ་མར་སྦྱངས་གྱུར་ཀྱང་།།
ཕྱི་རོལ་དངོས་པོའི་དཔལ་ཡོན་འཛུགས་པ་ལ།།
བློ་རིག་བློ་ཡི་སྒོ་མོ་ད་དུང་དོག།
རྫ་ཆུ་གངས་ཆུ་ནགས་ཆུ་སྤང་ཆུ་སོགས།།
གང་ཞིག་བཏུང་ཡང་གཟུགས་པོའི་འཕྲོད་བསྟེན་ལ།།
གནོད་པ་མེད་པའི་སླད་མེད་ཆུ་རྒྱུན་གྱིས།།
བསྐྲུས་པའི་ལུས་ནི་ཟོ་བདེ་ལྡང་བ་ཡང་།།
ཤ་མར་ཐུད་དང་འོ་ཞོ་ཕྱུར་བ་སོགས།།
རྐང་བཞི་ཕྱུགས་ལ་བརྟེན་པའི་བཟའ་བཏུང་རིགས།།
ཟས་བཅུད་ཆེ་ཡང་འཕྲོད་བསྟེན་མ་ཤེས་ན།།
ཤ་ཁྲག་ལུས་པོ་འཇོམས་པའི་གནོད་སྦྱོར་མང་།།
གངས་ཀྱི་རི་ངོས་བྲག་གསེང་ནགས་གསེབ་དང་།།
སྤང་རི་སྤང་ཐང་རང་ཁྱིམ་མཐའ་སྐོར་ཡང་།།
ས་སྐྱེས་རྡོ་སྐྱེས་སྨན་རྩྭ་སྣ་ཚོགས་ཀྱིས།།
བོད་ཡུལ་སྰ་ལའི་སྨན་གྱི་ལྗོངས་ཞེས་གྲགས།།
འབྲུ་རིགས་སྣ་ལྔ་འཛོམས་པའི་ལོ་ཐོག་དང་།།
ཤིང་ཏོག་སྔོ་ཚལ་སྣ་ཚོགས་སྐྱེ་བའི་ཡུལ།།
ཁོར་ཡུག་སྣོད་བཅུད་རྟེན་འབྱུང་བཟང་བའི་མཐུས།།
བོད་ལ་མུ་གེ་བྱུང་བའི་ལོ་རྒྱུས་མེད།།
ཡལ་འདབ་འཚུབ་མོར་ཤྭ་བོའི་ར་ཆེན་ཐོགས།།
གླ་བའི་རླིག་རིལ་བཅུད་ལྡན་རྩི་ཡིས་གཏམས།།
ཝ་སྲམ་སྟག་གཟིག་ལས་ངན་སྲོག་ཆགས་རིགས།།
བཀོལ་སྦྱོད་གདུག་རྩུབ་གཤིས་ཀ་གང་སར་ཡོད།།
དབྱར་ཁ་སླེབས་སྐབས་ཁུ་བྱུག་འཇོལ་མོ་དང་།།
ལྷང་ལྷང་འབྲུག་ཆུ་སྔོན་མོའི་འགྱུར་བག་ཁྲོད།།
ལས་བརྩོན་རོང་འབྲོག་བུ་དང་བུ་མོ་ཚོས།།
འཚོ་བའི་བདེ་སྐྱིད་སྙོག་པའི་གླུ་དབྱངས་སྙན།།
གྲང་ངར་བུ་ཡུག་སྤུ་གྲིས་ཁ་སྣ་གཅོད།།
ཁ་བའི་འདབ་མ་དཀར་པོས་རི་ཀླུང་སྡོམ།།
བྱ་ཁྲ་ཕོ་རོག་ངེས་མེད་ལྡིང་སྐོར་གྱིས།།
དགུན་ཁའི་བདེ་ཚོར་དྲོད་མོའི་ཁྱིམ་ལ་རེ།།
ཁུ་བྱུག་སྔོན་མོས་རྒྱང་གླུ་ལེན་པའི་དུས།།
ལྗང་མྱུག་ཆུང་ཆུང་ས་གཞིའི་མལ་ལས་ལྡིང་།།
སྣུམ་གཤེར་རི་ཀླུང་དགའ་བའི་དྲོད་རྒྱས་ནས།།
ཁོང་གི་རླངས་པས་གནམ་ས་གཉེན་དུ་སྡེབ།།
བཏབ་པའི་ཞིང་སར་སྨིན་པའི་ལོ་ཐོག་རྒྱས།།
རྐང་བཞི་འཕེལ་ཁས་རྩྭ་ཐང་རི་ཀློང་ཁྱབ།།
སྐྱེ་དངོས་ཕལ་ཆེར་སྨིན་ནས་བྲིལ་ལ་ཉེ།།
ཐོག་སེར་འཇིགས་པ་རྒོད་པའི་སྟོན་ཁ་དྲན།།
ཇོ་མོ་གླིང་མར་ཉི་ཟླའི་རྣ་ཆ་བརྗིད།།
གངས་དཀར་ཏི་སེར་དད་བརྒྱའི་ཞིང་སྣང་མཛེས།།
ཁ་འབབ་རྣམ་བཞི་བདུད་རྩིའི་ཆུ་རྒྱུན་གྱིས།།
གྲངས་མེད་ཚེ་སྲོག་སྐྱོང་བའི་མཐའ་མ་རིག།
དག་པའི་ཞིང་ཁམས་གནས་ཡུལ་མཐོན་པོའི་གནམ།།
ཡིན་ཕྱིར་བོད་ཡུལ་ཡང་ཡང་གནམ་ལ་འཕག།
གནམ་ལ་འཕགས་པའི་ཡུལ་འདིར་བདེན་རྫུན་གྱི།།
སྦས་ཡུལ་བཀོད་པ་སྣ་ཚོགས་ངང་གིས་གྲུབ།།
རྩི་ཤིང་མེ་ཏོག་ཅན་གྱི་ལྗོན་པ་ལ།།
རང་བྱུང་འདབ་ཆགས་འཕུར་ལྡིང་དར་དིར་སྐད།།
སྒྲོག་པའི་དབྱངས་སྙན་ཆུ་སྤྲིན་འཇའ་ཟེར་དང་།།
སྡེབ་པའི་མཚར་སྡུག་ལྟད་མོ་འདི་ན་ཡོད།།
མར་གད་དོག་པ་རྩིག་པའི་རི་བོ་ལ།།
རང་བྱུང་བང་རིམ་གཡུ་ཡི་མནྡྲལ་མཛེས།།
མིག་འཕྲུལ་བཀོད་པའི་སྤྲིན་དཀར་གྱ་མ་གྱུ།།
མཐོང་བའི་བདེ་ཉམས་ཕྱུག་རྫི་བུ་མོས་དཀྲོགས།།
དངུལ་ཆུའི་ཕ་བོང་རྩེག་པ་གངས་ཀྱི་རི།།
ཁྲོ་ཆུའི་རྦ་རླབས་འཕྱོ་བ་བྲག་གི་རི།།
རིན་ཆེན་ནོར་བུ་སྤུངས་འདྲ་སྤང་གི་རི།།
རྨ་བྱའི་སྒྲོ་གུར་ཕིབ་ལྟ་ནགས་ཀྱི་རི།།
རི་མཐོ་ལུང་ཟབ་བགྲོད་དཀའ་གཤིན་རྗེའི་གྲོང་།།
མྱ་ངམ་བྱེ་ཐང་དམར་བོ་བདུད་པོའི་ཡུལ།།
ཁ་ཆར་བུ་ཡུག་འཚུབ་མས་རྒྱུ་ལམ་འགོག།
རྩུབ་མོའི་ཁོར་ཡུག་ཚེར་མའི་རྫོང་དང་འདྲ།།
རང་བྱུང་ཤེལ་གྱི་སྟེགས་བུར་རྡུལ་མཚོན་གྱིས།།
བྲིས་པའི་ལྷན་སྐྱེས་བཀོད་མཛེས་གངས་རིའི་ལྗོངས།།
སྐྱེས་པའི་སྐལ་བ་ལན་གཅིག་ཐོབ་པ་འདི།།
སྲིད་པ་སྒྱུ་མར་སྦྱོང་བའི་གྲོགས་སུ་བསྟེན།།
དེ་ལྟའི་རང་ཡུལ་གནམ་གྱི་དྭངས་མ་འབུམ།།
འདུས་པའི་ཚོམ་བུ་སྲིད་དང་ཞི་བའི་རྒྱན།།
བཙན་རྒྱལ་རང་ལུགས་དྲག་པོའི་རུ་མཚོན་གྱིས།།
བཏབ་པའི་ཕྱི་མཐའི་ན་ཟུག་བསམ་མི་ཕོད།།
དེ་རིང་ཞོགས་པར་བོད་ཡུལ་ལྷག་པར་ཡང་དྲན་པའི་རྐྱེན་ལས། སྣོད་བཅུད་ཀྱི་བཀོད་པ་བརྗོད་པའི་གཏམ་འདི་དག་སེམས་ངོར་གང་ཤར་བཅོས་སྒྱུར་མ་བྱས་པར་བཀོད་པའོ།།
བསམ་ཚུལ་ཕྲིས།