སྟོན་དུས་སྔོན་མ། ༼ཞར་བཀོད་བདུན།༽
རྩོམ་ཡིག་འདི་ཐེངས། 405 བཀླགས་འདུག
༈ སྟོན་དུས་སྔོན་མ།
།
སེམས་ན་དབྱར་ཁ་ཚེས་པའི་དུས་ཚིགས་ཤིག་ཡོད།།
ཉི་མ་ནུབ་རི་གན་ནས་མ་བརྒྱུད་གོང་ཡིན།།
སྡོང་མགོའི་ལོ་མ་དག་ཀྱང་མ་འཐོར་སྔོན་རེད།།
ང་ཡི་ཕྱེ་ལེབ་དག་ཀྱང་ཡར་མར་ལྡང་དུས།།
ང་ཡི་རྐང་རྗེས་དེ་ལ་ལྗང་ལོ་འབུས་མྱོང་།།
རེ་བའི་ཉི་མ་ཞིག་ཀྱང་མཚན་མོར་ཤར་མྱོང་།།
དེ་དུས་སང་ཉིན་ཞིག་གི་ས་བཀྲ་བྲིས་ཡོད།།
ང་དང་ཁོ་མོ་ཁོ་ནའི་འཇིག་རྟེན་ཡིན་མོད།།
ལྭ་བ་འཁྱག་པ་གྱོན་པའི་ནངས་མོ་ཞིག་ལ།།
སྨྲེང་བ་ཁོ་ན་ཡིན་པའི་ཕར་འགྲོའི་མགྲོན་པོས།།
བདག་གི་ཅི་ཞིག་ཁྱེར་ནས་གང་ལ་བུད་འགྲོ།།
གདུང་བའི་རྒྱབ་གཟུགས་དེ་དག་གང་དུ་སྦས་དགོས།།
༢༠༡༥།༡༢།༡
༈ སྟོན་ཀའི་བྱ་ཁྱུ་འཕུར་དུས།
།
རྨི་ལམ་རི་ལས་བབས་ཏེ་གསེར་གྱི་བྱ་ཁྱུ་འཕུར།།
སྣང་བ་སྤྲིན་ལ་འདྲེས་ནས་སྨུག་པས་མཁའ་མཐའ་ཁྱབ།།
ས་མཐའི་རི་ལུང་ཀུན་ཏུ་སྟོན་ཀའི་མེ་ཏོག་བཞད།།
ཉི་མའི་རྗེས་ཤུལ་ཁག་ཏུ་སྐྱོ་བའི་ལན་ཆགས་བབས།།
བདག་གི་ནང་སེམས་སྨུག་པོ་མུན་པའི་རུམ་ལ་འཛུས།།
ལས་ཀྱི་སྐར་མ་དག་ཀྱང་དཀར་འོད་ལྷང་ལྷང་འཚེར།།
༢༠༡༥།༡༡།༢༨
༈ རོལ་མོ་འཐོར་བའི་ནགས་ཚལ།
།
ཕྱེ་ལེབ་སྐོར་ཞིག་སྨུག་པའི་རི་ལ་འཁོར།།
མུན་པའི་ལང་ཚོ་གཡར་ནས་གང་ལ་འགྲོ།།
སྡོང་ལོ་སྐོར་ཞིག་ས་རུ་ཟགས་པ་འམ།།
སྟོན་ཀའི་ཞལ་ལ་འཛུམ་ཆུང་ལྡང་བ་དེ།།
རོལ་མོས་སྣང་བ་བཟི་བས་ཨེ་ཡིན་ནམ།།
ཁོ་མོའི་སྙིང་གཏམ་ཁ་བའི་ཡིན་ནམ་སྙམ།།
ས་བོན་སྐྱ་བོ་རླུང་གིས་སྤུར་བ་འམ།།
ལས་ཀྱི་སྐར་ཚོགས་སྲོད་ལ་བབས་པ་དེ།།
སུ་ཞིག་ནགས་ཀྱི་ཚལ་ལ་སོང་བ་འདྲ།།
ནགས་སུ་རོལ་མོ་འཐོར་བའི་གསང་བ་དེ།།
མཚན་མོའི་ལག་པ་ཞིག་གིས་བརྐུ་བར་བྱེད།།
དབྱངས་ཀྱི་སྐྱེད་ཚལ་དེ་ནས་གཏོར་བར་བྱེད།།
༢༠༡༥།༡༡།༡༧
༈ རླུང་དང་མི།
།
སྡོང་ལོའི་གསེབ་ཀྱི་རླུང་བུ་འཇམ་པོས།།
ང་རང་འདི་ནས་གང་ལ་སྤུར་འགྲོ།།
ལམ་སྒྲོན་འོག་གི་ཆར་བ་དེ་ཚོ།།
ལས་དབང་བཀྲུ་བའི་ཕོ་ཉ་ཡིན་ནམ།།
སྐྱ་མོའི་ལམ་གྱི་ལང་ཚོ་ཡིན་སྲིད།།
མཐོང་སྣང་ཁྲོད་ཀྱི་སྨུག་པའི་རི་བོ།།
ཉི་ཟེར་ནང་གི་གཞིས་ཁྱིམ་ཡིན་ན།།
ལོ་མའི་སྟེང་གི་འདས་མ་ད་གསུམ།།
ས་སྲོད་འདི་ཡི་མིག་ཆུ་ཡིན་པས།།
རང་ཉིད་བཀྲུ་བའི་རྫིང་བུ་ཡིན་འགྲོ།།
༢༠༡༥།༡༡།༡༦
༈ གྲིབ་མ།
།
མི་ནི་གྲིབ་མའི་ངོ་བོར་ཐིམས།།
གྲིབ་མའི་ཁམས་སུ་གནས་ཚང་བཅས།།
འཁོར་བའི་རང་བཞིན་རི་མོར་བྲིས།།
བྲིས་པའི་འཇིག་རྟེན་གཙང་མ་ལ།།
རང་གི་ལྷ་ཚོགས་གདན་དྲངས་ནས།།
རོལ་མོའི་ནང་གི་མཆོད་རྫས་ཚོགས།།
སྣང་བའི་དབྱངས་སུ་བཀུག་པ་ན།།
གཞན་དག་ཚོགས་ཀྱང་བྲེལ་བྲེལ་བྱེད།།
“བདག་གི”་འཁོར་བའི་གཙང་བོ་ལ།།
མུན་པའི་རྣམ་ཤེས་”རང་འཁོར”་རྒྱག།
༢༠༡༥།༡༠།༡༨
༈ མུན་པའི་གཞས།
།
ཁྱོད་རང་འདི་ནས་སོང་བས་མོད་ལ།།
ང་ཡི་ཅི་ཞིག་ནུབ་པར་བྱས་སོང་།།
ང་ལ་དབང་བའི་མུན་པའི་གཞས་ཤག།
གདུང་བའི་ཁྲོད་ཀྱི་དབྱངས་རྟ་ཡིན་ན།།
ཁྱོད་ཀྱིས་དེ་ལ་དབྱངས་ཤིག་བརྩམ་སྟེ།།
བརྩེ་བའི་འཇིག་རྟེན་གར་ལ་རོལ་ཤོག།
ང་ཡི་སྐྱ་རེངས་མྱུར་མོར་སུས་ཤོག།
མི་ཚོགས་བཞུར་སའི་ལམ་མདོ་དེ་ནས།།
འཁོར་བའི་ངོ་བོ་ཁྲུས་ལ་ཞུགས་སོང་།།
སྨུག་སྤྲིན་ནང་གི་འོད་ཟེར་ལྗང་ཁུ།།
ངེད་གཉིས་ལས་ཀྱི་མདུད་པ་ཡིན་ན།།
རྨས་རྐྱོན་ཕོག་པའི་ཟླ་བའི་རྗེས་ཤུལ།།
སུ་ཡི་མི་ཚེའི་རི་མོ་ཡིན་སྲིད།།
མེ་ལོང་ནང་གི་འབྱུང་འགྱུར་”མོག་པོར”།།
ཉི་མའི་འོད་ཀྱིས་”གསལ་བ”་མི་དགོས།།
༢༠༡༥།༡༡།༢༠
༈ གྲོོང་ཁྱེར།
།
མཛེས་མའི་མིག་ཟུང་འགུལ་བ་ཙམ་གྱིས།།
བཅུད་ཀྱི་རྣམ་འགྱུར་གཞི་ནས་འགྱུར་ཏེ།།
འཇིག་རྟེན་མང་ཤོས་ཆུ་ལ་ཤར་ནས།།
བདག་གི་སྣང་བ་ཉི་མས་རྒུམ་སོང་།།
ཤོག་བུའི་སྟེང་གི་ལས་དབང་གཉོམ་པོ།།
ནུབ་ཁའི་གཟུགས་རིས་ཡིན་ཡིན་འདྲ་བས།།
སྐར་འོད་འཐོར་སའི་ཆུ་བོ་སྔོན་པོ།།
རེ་བའི་སྟོན་ལོ་འཐོར་ས་ཡིན་འགྲོ།།
མི་ཚོགས་ཁངས་ལ་འདྲེས་མཚམས་དེ་ནས།།
དུས་གསུམ་ཡོད་ཚད་ཙག་གིས་བསྡམས་སོང་།།
བ་སྤུའི་ཐོག་གི་ཐལ་རྡུལ་སྐྱ་བོ།།
རླུང་ལ་བསྐུར་བའི་སྨོན་པ་ཟད་པོ།།
ག་ནས་བོར་བ་ཡེ་ནས་མ་ཤེས།།
༢༠༡༥།༡༠།༢༤
༈ ནད་ཁང་།
།
སྨུག་པའི་ཕྱིང་ནང་བཏུམས་པས།།
སྣང་བའི་མིག་ཆུ་འཐོར་སོང་།།
མིག་ཆུའི་འགག་འཕྲེང་རེ་ན།།
མི་ཚོའི་ལམ་བུ་ཤར་ཏེ།།
ལམ་བུའི་གདུང་བ་དེ་ཚོ།།
སྨུག་པའི་གསེང་ལ་བྱིངས་འདུག།
ཁྱེད་ཚོ་འདི་ནས་ཡོང་བས།།
འུ་ཅག་འདི་ནས་བགྲོད་ངེས།།
ལམ་འདིའི་མགོ་སྔ་མཐའ་དག།
མཚོན་དང་ཚེར་མས་གང་ཡོད།།
༢༠༡༥།༡༠།༢༢ ཁྲིན་ཏུའུ་ནས།
བསམ་ཚུལ་ཕྲིས།