སེམས་པ་མཐུར་མེད་ཀྱི་དཀར་ཆག

རྩོམ་ཡིག་འདི་ཐེངས། 282 བཀླགས་འདུག

 །
རླུང་ནག་ཚུབ་མའི་བར་གླེགས་དེ་ན་སེམས་ཀྱི་བར་དོ་གསར་བ་བདོ།།
འཚོ་བའི་གས་སྲིབ་སྐྱ་མོ་དེ་རུ་སེམས་པ་ཤི་བའི་དུར་བྱང་བཙུགས།།
མཁའ་ཡི་དྭངས་གཙང་གཡའ་རུ་འགྱུར་དུས་སེམས་པའི་གློག་ཞགས་ཇེ་རྒོད་རེད།།
ཨེ་མ་སེམས་འདི་དགའ་སྡུག་རྒོད་པས་ཁྱོད་ནི་མཐུར་མེད་གཤོག་ཐོགས་རེད།།

/ཁྱེད་ཉིད་སྐྱིད་དུས་གར་འགྲོ་མེད་པར་རང་ཤག་བེམ་པོའི་ཁོག་ནས་འདུག།
དགའ་སྣང་ཆེ་ཚེ་རྣམ་ཤེས་བོར་བའི་ཕྱོགས་བཞིའི་ཀུན་ནས་ཀུན་ལ་འདུར།
སྡུག་བསྔལ་ལྗིད་མོ་ཕྲག་ལ་ལྷུང་དུས་ཡོད་ནས་ཡོད་ཚད་བག་ལ་ཞ།།
སེམས་པ་ཁྱེད་ཉིད་དགའ་སྡུག་ཆེ་བའི་ཚོད་འཛིན་དབེན་པའི་གནས་སུ་ལྷུང་།།
 །
ཕ་ཡུལ་དྲན་དུས་རིང་ཐུང་མི་གཞལ་བསམ་བསམ་ངང་ནས་ཕྱོགས་དེར་རྒྱུགས།།
མཛེས་མའི་མཛེས་ཆ་ཡིད་ལ་འཁོར་དུས་ཚོད་ཚོད་མེད་པར་འདོད་པས་ཆགས།།
བདག་གི་ལུས་ངག་བྲན་དུ་བཀུག་ནས་བདག་ཀྱང་འཆི་བའི་དུས་སུ་བསྐྱལ།།
ཞེ་ནག་སེམས་འདི་བདག་ལ་ཡོད་པས་བདག་ཉིད་བདེ་བའི་གནས་མ་རྙེད།།
 །
སྐུད་མེད་ཤོག་བྱ་རླུང་གིས་སྤུར་དུས་སེམས་ཆུང་ཁྲ་མོ་འཕུར་ལ་ཁད།།
འུར་འུར་ཟང་ཟིང་འདུ་འཛིའི་སྲང་གི་སེམས་པ་ཁྲ་ཁྲ་ཟིངས་སེ་ཟིང་།།
ཤེས་པའི་བདག་ཉིད་ལུས་སུ་གྱོན་པའི་ཆ་བཞག་མེད་པའི་སེམས་པ་དེ།།
མྱི་ལུས་དཀྲིགས་པའི་གཤེད་མ་མཐུར་མེད་ཁྱོད་ལས་གཞན་ལ་གང་དུ་མཆིས།།
 །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *