ན་ཚ་དེ།

རྩོམ་ཡིག་འདི་ཐེངས། 347 བཀླགས་འདུག

        ད་ཞག་ང་ཡི་ལྷུ་ལག་མ་འཕྲོད་དེ།།
        ཉིན་ཞག་ཁྱུ་ཅིག་རི་བོའི་གཤམ་དུ་རྨས།།
        མི་ཡི་ཤ་བུབས་འདི་ལ་འོང་བ་ཀུན།།
        ཚེར་མའི་མལ་དུ་ཟླ་བ་རོག་རོག་ཡིན།།

        ད་ནི་སྐྱིན་པའི་བུ་ལོན་སོད་པ་སྟེ།།
        མདང་ནུབ་རྨི་ལམ་ནང་དུ་མནལ་བ་ཡི།
        སྙུང་གཞི་རྦད་དེ་གྲོལ་བའི་ང་རང་ཡང་།།
        ནངས་མོ་ཇ་དྭངས་དེ་ལ་སྤྲུལ་ནས་འོང་།།
        སྤྲིན་གྱི་ཕྱུ་བ་བརྗེ་བའི་ཡར་གྱི་རི།།
        མཐོངས་སུ་གདུང་བའི་ཉམས་ཀྱིས་དུབ་པ་ན།།
        སེམས་ངལ་ནགས་རིའི་ཉག་ཏུ་གསོས་པ་ཡི།།
        ཚེ་མཇུག་འདབ་ལོ་འདི་ལ་སྙིང་མ་རྗེ།།
         སྔོན་མ་ཉི་མ་གཅིག་ལ་ཨ་མ་ཡིས།།
         ཕྱི་མ་དབྱངས་སུ་བཏགས་པའི་འགྱ་མ་འགྱུར།།
        ལྷགས་པས་འདར་ཞིང་རླུང་བུས་ཡོམ་པ་ན།།
        གཞོང་པ་འདི་རུ་སྲོས་ཀྱི་གྲིབ་མ་བཞུ།།
        ངེས་འབྱུང་གཏིང་དུ་ཟགས་པའི་མེ་ཏོག་གིས།།
        དབེན་པའི་རི་སུལ་བསྔགས་པའི་མིག་ཆུ་དག།
        མཁུ་རའི་ངོས་སུ་ཅུང་ཟད་ཧྲེང་བ་ན།།
        དེ་དུས་ང་ཡང་དགུན་གྱི་གཙང་པོ་ཡིན།།
                                         ༢༠༡༥།༡༠།༡༡ སྙིང་མིག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *