འཚོ་བའི་ཁྲོད་ཀྱི་མནོ་བསམ།
རྩོམ་ཡིག་འདི་ཐེངས། 969 བཀླགས་འདུག
སྐྱ་རེངས་ལྷག་བསམ་གྱི་གཤོག་པས།།
ནག་ནོག་མུན་སྨག་དེ་གཤགས་ནས།།
ཉི་ཟེར་འཕྲོ་དུས་སུ་ཆས་ཏེ།།
ལྡིང་ཁང་གྲུ་བཞི་རུ་སླེབས་སོང་།།
སྐྱ་རེངས་རྗེས་ཤུལ་ལ་ཆགས་པའི།།
ཁྲི་གདུགས་ཉི་གཞོན་གྱི་བརྗིད་ཀྱིས།།
ས་གཞིའི་མུན་ཚོགས་ཏེ་བསལ་ནས།།
སེམས་པ་བདེ་སྐྱིད་ཀྱིས་ཁེངས་སོང་།།
རྟ་བདུན་རི་རྩེ་ལ་འཆར་བས།།
དྲོད་འཇམ་མི་ཡུལ་དུ་སྟེར་བྱུང་།།
བུ་ང་རྨོངས་གཉིད་ལས་དཀྲོག་ཚེ།།
མི་འདྲའི་ཚོར་བ་ཞིག་མྱོང་ཡིན།།
སྟོང་སང་གནམ་སྟོང་གི་དབུས་ནས།།
སྦྲང་ཆར་ཟིལ་ཟིལ་ཞིག་བབས་དུས།།
མདངས་ལྡན་གངས་ལྷ་ཡི་མེ་ཏོག།
སྤང་ལ་ཡང་ཡང་དུ་འཁྲུངས་སོང་།།
མཛེས་པའི་འཇའ་ཚོན་གྱི་རེ་ཁ།།
སྟོང་བའི་བར་སྣང་ལ་བཀྲ་བ།།
ལྟས་དང་རྟགས་མཚན་གྱི་རྐྱེན་པས།།
ཡུལ་དུ་གྱུར་པ་ནི་མ་མཆིས།།།
ཕྱི་ལུས་མཛེས་རྒྱན་གྱི་གསེར་མེ།།
དུང་བའི་ཟུར་མིག་ཅིག་ཤོར་དུས།།
ལྗི་བའི་མདུན་ལམ་གྱི་ཕྱོགས་མཚམས།།
བཅོས་མིན་རེ་སྒུག་སྟེ་མ་འཛར།།
སློབ་ཁང་གྲུ་ཟུར་གྱི་ནང་ནས།།
ཤེས་རིག་ནར་མོ་ལ་བརྩོན་དུས།།
དྲན་པ་འཆོར་མེད་ཀྱི་ངང་ནས།།
འཚོ་བ་གསར་པ་ཞིག་རོལ་བ།།
དྲན་པ་ཟ་ཟི་ཡི་གསེང་ནས།།
སྐྱོ་བའི་ན་ཟུག་གིས་གཙེས་དུས།།
མཐར་ལྷུང་སྐྱེ་འགྲོ་ཡི་སྡུག་བསྔལ།།
བྲལ་བའི་རེ་སྨོན་ཞིག་འཆང་ཡོད།།
མཚན་མོའི་སྨག་རུམ་གྱི་ཁྲོད་དུ།།
སྐར་ཁུང་གྲུ་བཞི་ཡི་དབུས་ནས།།
འོད་སྟོང་ཟླ་ཟེར་དེ་འཆར་བས།།
དྲན་པ་རྒོད་པོ་རུ་ཤོར་སོང་།།
དབྱར་ལྔའི་སྒྲ་ལྡིབ་ཀྱི་ཁྲོད་ནས།།
རིག་པའི་པད་ཚལ་ལ་བརྩོན་དུས།།
དྲན་པ་གཞུང་ཚུགས་ཀྱི་ངང་ནས།།
སྙན་པའི་རི་མོ་ཞིག་བྲིས་ཡོད།།
བསམ་ཚུལ་ཕྲིས།