བོན་གྱི་བསྟན་པའི་དར་རྒུད་དང་འབྲེལ་བའི་སྲིད་རབས་མདོ་ཙམ་གླེང་བ།
རྩོམ་ཡིག་འདི་ཐེངས། 1083 བཀླགས་འདུག
མ་གཞི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཐད་ནས་སྐད་ཆ་ཐག་ཆོད་པོ་ཞིག་དང་། རྨང་གཞི་བརྟན་པོ་ཞིག་གླེང་རྒྱུ་ནི་ཆེས་ཁག་པོ་ཞིག་ཏུ་ཆགས་འདུག རྒྱུ་མཚན་བོད་ཀྱི་སྲིད་ལུགས་དང་འབྲེལ་བའི་ཆོས་ལུགས་པ་དག་གིས་རང་གཅེས་གཞན་སྨད་ཀྱི་སྐད་ཆ་གླེང་རྒྱུ་མང་དྲགས་པས། འུ་ཅག་ཕྱི་རབས་པ་དག་ལ་མཚོན་ན་ལོ་རྒྱུས་དང་ལོ་རྒྱུས་མ་ཡིན་པའི་བར་གསེང་ནས་མགོ་བོ་ཉོག་ཏུ་གཏོང་བཞིན་པ་དེ་རེད། དེ་བས་ཁོ་བོས་དེ་དག་ལ་འདི་ལྟར་གླེང་མྱོང་སྟེ། རང་བསྟན་གཅེས་པར་བཟུང་བའི་བཀའ་དྲིན་ཅན།། བདེན་དོན་ལོགས་སུ་བསྐྱུར་བའི་ནག་ཉེས་ཅན།། ཁྱེད་ཚོས་རྒྱལ་ཕམ་རྩོད་པའི་བར་གསེང་ནས།། མི་རིགས་ལོ་རྒྱུས་གཙང་མ་གླེང་ཐབས་བྲལ།། ཞེས་ཀྱང་སྨྲས་པའོ།།
སྐབས་འདིར་དམིགས་ཀྱིས་བཤད་དགོས་པ་ནི་བོན་གྱི་བསྟན་པ་དང་འབྲེལ་བའི་དར་རྒུད་གླེང་འདོད་པ་ཡིན་ལ། དེ་བས་བོན་གྱི་བསྟན་པ་གླེང་བ་ལ་དང་པོ་སྟོན་པ་གླེང་དགོས་པས། སྟོན་པ་དང་བསྟན་པ་སྔོན་དུ་གླེང་ནས་དར་རྒུད་ཞོར་དུ་གླེང་བར་འདོད། དེ་བཞིན་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག ཡེ་གདོད་མ་ཉིད་ནས་རང་བྱུང་གི་སངས་རྒྱས་ཤིག་མ་ཡིན་པར། སངས་རྒྱས་གོང་མ་རྣམས་ཀྱི་མཛད་པ་ཇི་ལྟ་བ་བཞིན་དུ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་པ་ཡིན་ཏེ། མཛད་མདོ་ལས། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ།། ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ།། ཅེས་གསུངས་པ་ལྟར། སྔོན་གྱི་སྟོན་པ་བསོད་ནམས་དབང་ལྡན་གྱི་དྲུང་ནས་ཐུགས་མཆོག་བསྐྱེད་དེ་སྨོན་ལམ་བཏབ་པ་བཞིན་དུ། འོག་མིན་རྫོགས་པའི་ཞིང་ཁམས་སུ་སངས་རྒྱས་ནས་འགྲོ་བ་གཞན་དག་འདྲེན་པའི་སྟོན་པར་བྱོན་དགོས་པ་ཐུགས་ལ་དགོངས་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙོ་བོ་སྟོན་པ་རྣམ་པར་དག་པ། རྣམ་འདྲེན་བརྒྱད་པ་རྩོད་ལྡན་བསྐལ་པའི་སྒྲོན་མེ། རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གིས། སྔར་འདས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་རྫོགས་ནས། རྩོད་ལྡན་བརྒྱ་ཡི་དུས་འགོར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ཐུགས་རྒྱུད་བསྐུལ་བ་དང་ཆབས་ཅིག་ཡི་དམ་གཤེན་ལྷ་འོད་དཀར་གྱི་ལུང་བསྟན། ཐབས་མཆོག་སྲིད་པ་སངས་པོ་འབུམ་ཁྲིས་བཀས་བསྐུལ། ཁོང་གིས་སྔོན་ཚེ་སློབ་ལམ་གྱི་སྐབས་སུ་ཐུགས་མཆོག་བསྐྱེད་པའི་བདེན་མཐུ་སོགས་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དབང་གིས་རྩོད་ལྡན་སྙིགས་མའི་དུས་ཀྱི་གདུལ་བྱ་འདྲེན་པའི་བསྐལ་བཟང་མངོན་དུ་ཤར་བ་དང་། དེའི་ཚེ་བསྐལ་བཟང་སངས་རྒྱས་སྟོང་གི་ཐུ་བོ། སྟོན་པ་རབ་དགུའི་ནང་ཚན། ཚད་མའི་སྐྱེས་བུ་དམ་པ་ཁྱེའུ་གསལ་བ་དེ། འོག་མིན་རྫོགས་པའི་ཞིང་ཁམས་ནས། སྟོང་གསུམ་མི་འཇེད་འཇིག་རྟེན་གྱི་འགྲོ་བ་འདུལ་བའི་སྟོན་པར་བྱོན་པའི་ཚུལ་ནི། གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་སྟེ། སྐད་ཅིག་གིས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས། རི་རབ་ཀྱི་རྩེ་མོར་བྱོན་ཞིང་། སྟོང་གསུམ་ཀུན་ལ་གྲགས་པའི་གསུང་དབྱངས་སྙན་མོ་ལན་གསུམ་བསྒྲགས་པས། དལ་ཅིག་ཏུ་རིགས་དྲུག་གི་སེམས་ཅན་སོ་སོའི་སྡུག་བསྔལ་གྱི་རྒྱུན་བཅད་དེ་བདེ་བའི་གནས་མལ་མངོན་པར་རྙེད་ཅིང་། སྐྱེ་དགུ་འགྲོ་བ་ཡོངས་ཀྱིས་སྨྲ་བཅད་གུས་འདུད་ཀྱི་ངང་ནས་སྒོ་གསུམ་དྭངས་པ་ཆེན་པོའི་ལྷོད་དེ་ཉན་པར་གྱུར། དེ་ནས་རྩོད་ལྡན་སྙིགས་མའི་འགྲོ་བ་འདྲེན་པའི་སྟོན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གིས་དང་པོ་ཡུལ་ལ་གཟིགས་པ་ནི། ལྷོ་མཛམ་བུའི་གླིང་ལ་གཟིགས། མཁར་ལ་གཟིགས་པ་ནི། མཁར་བར་པོ་སོ་བརྒྱད་ལ་གཟིགས། ནོར་ལ་གཟིགས་པ་ནི། རིན་པོ་ཆེའི་གཏེར་ལ་གཟིགས། ཡབ་ལ་གཟིགས་པ་ནི། ཡབ་རྒྱལ་བོན་ཐོད་དཀར་ལ་གཟིགས། ཡུམ་ལ་གཟིགས་པ་ནི། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་ལ་གཟིགས་པའོ།། དགོངས་ཚད་ལྔ་ནི། ལོ་ཡི་མགོ་བོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་དང་པོ་དཔྱིད་ར་སྟག་ཟླ་ལ་དགོངས། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས། དུས་ཚོད་དང་པོ་ནམ་ལངས་ཡོས་ལ་དགོངས། སྐར་མའི་གཙོ་བོ་རྒྱལ་གྱི་རུ་གོང་ལ་དགོངས་ནས་བྱོན་ནོ།། དེ་ལྟར་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཟུང་འབྲེལ་གྱི་སྒོ་ནས། སྤྱི་ལོའི་སྔོན་གྱི་མི་ལོ་ ༡༦༠༡༧ ལོར་རྟག་གཟིགས་འོལ་མོ་ལུང་རིང་གི་རྒྱལ་མཁར་བར་པོ་སོ་བརྒྱད་དུ་དམུ་རིགས་གཤེན་གྱི་རྒྱལ་པོ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་ཡུམ་གྱི་མཆན་ཁུང་གཡས་ནས་བལྟམས་པ་དང་། དེའི་སྐབས་སུ་ས་གཡོ་བ། རི་འགུལ་བ། འབྲུག་གྲགས་པ་སོགས་ངོ་མཚར་ཞིང་འཇིག་རྟེན་ཐམས་ཅད་དུ་མེ་ཏོག་གི་ཆར་བབས་པའོ།།
དེ་ལྟར་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་རྣམ་པ་མི་ཡི་ཚུལ་དུ་སྐུ་སྐྱེ་བ་བཞེས་ཏེ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བསྟན་པ་ལ། དྲང་དོན་མུན་སེལ་སྒྲོན་མེ་ལས། སྐྱེ་བཞེས་བསྟན་སྤེལ་འགྲོ་གཉིས་འདུལ།། ཁབ་བཞེས་སྲས་སྤྲུལ་འགྲོ་དོན་མཛད།། བདུད་རྣམས་བཏུལ་ནས་བསྟན་པ་བཞག། ཁྱིམ་སྤངས་འཁོར་སྤངས་འདས་ཚུལ་བསྟན།། ཞེས་གསུངས་པ་ལྟར་དུ། ༡སྐྱེ་བ་བཞེས་པ། ༢བསྟན་པ་སྤེལ་བ། ༣གནས་སྦྱོང་རྣམ་པར་འདྲེན་པ། ༤ཆགས་བྲལ་རྣམ་འཇོམས། ༥ཁབ་ཀྱི་དཔལ་འབར་བཞེས་པ། ༦འགྲོ་འདུལ་སྲས་སྤྲུལ། ༧ཐུགས་རྗེ་རྣམ་པར་རྒྱས་པ། ༨ལོག་འདྲེན་བདུད་བཏུལ་བ། ༩ བསྟན་པ་རྗེས་སུ་བཞག་པ། ༡༠ཁྱིམ་སྤངས་རབ་ཏུ་བྱུང་བ། ༡༡ དཀའ་ཐུབ་བཀའ་འཁོར་རྣམ་གྲོལ།༡༢མི་རྟག་འདས་ཚུལ་བསྟན་པ་སོགས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་སྟོན་པ་རྣམ་པར་དག་པས་བསྟན་པ་རྣམ་པར་དག་པ་སྤེལ་བ་ཡིན་ལ། དེའི་ནང་དུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། བོན་སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། ཕྱི་ནང་གསང་གསུམ་སོགས་རྒྱ་ཆེ་ལ་གཏིང་ཟབ་པ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྐྱངས་པའོ།། དེ་ནས་སྲས་ཆེན་བརྒྱད་དང་མཚན་ལྡན་འ་ཞ་གསང་བ་སོགས་ལ་ཕྱི་ནང་གསང་བའི་བོན་རྣམས་རང་རང་ལ་གཉེར་དུ་གཏད་ནས་མདོ་འབུམ་རྒྱུད་མཛོད་བཞི་རུ་བྱས་ཏེ་གསས་ཁང་ཆེན་མོ་དཀར་ནག་བཀྲ་གསལ་དུ་བཞུགས། སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་གཅིག་སྟོང་བརྒྱད་བརྒྱའི་མཚམས་སུ་གསུང་གི་བསྟན་པའི་དབུ་བཟུང་སྟེ་གདུང་ཚོབ་སྟོན་པ་མུ་ཆོ་ལྡེམ་དྲུག་བྱོན་ནས་ཁོང་གིས་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟན།འཛམ་གླིང་མཁས་པའི་རྒྱན་དྲུག་གིས་རྟག་གཟིགས། ཞང་ཞུང་། རྒྱ་གར། རྒྱ་ནག ཁྲོམ།བོད་སོགས་ལ་རང་རང་གི་སྒྲ་སྐད་དང་མཐུན་པའི་སྒོ་ནས་སྤེལ་བའོ།། དེ་ནས་རིམ་བཞིན་དུ་བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་མཁས་དགུ། བྱིན་རླབས་རྒྱུད་པའི་གཤེན་དགུ། གྲུབ་རྩལ་མཐུ་ཆེན་མི་དགུ། གྲུབ་ཐོབ་རྫུ་འཕྲུལ་མ་དགུ། མཐའ་འདུལ་ཟིལ་གནོན་ཆེ་དགུ། སོ་ཐར་འདུལ་འཛིན་རྣམ་ལྔ། ཡབ་སྲས་ཆེ་བཙུན་རྣམ་གསུམ་སོགས་ཞང་བོད་གྲུབ་ཆེན་བརྒྱད་བཅུ་དང་བསྟན་འཛིན་སྐྱེས་ཆེན་རྣམས་རིམ་བཞིན། དེ་ནས་སྤྱི་ལོ་༩༡༣བོན་གཏེར་ཐོན་པའི་དབུ་བརྙེས་ནས་བོན་བསྟན་ཕྱི་དར་གྱི་འགོ་བཟུང་བ་དང་། སྤྱི་ལོ་༩༩༦ལོར་གཤེན་ཆེན་ཀླུ་དགའ་སྐུ་འཁྲུངས་ཏེ་ཟབ་གཏེར་མང་དུ་བཞེས་ནས་བསྟན་འཛིན་བྲུ་ཞུ་སྤ་རྨེའུ་བཞི་ལ་གནང་ནས་རིམ་བཞིན་སྤྲུལ་སྐུ་གཤེན་གྱེར་སྨྲ་དབྱིལ་སོགས་རང་རང་གི་བརྒྱུད་འཛིན་གྱི་བླ་རབས་དང་།གྲྭ་ས་གོང་འོག་བར་གསུམ་གྱི་མཁན་རབས་རིམ་བྱོན། གདུང་རྒྱུད་སྡེ་དྲུག་གི་ནང་ཚན་ཁྱུང་པོ་དཀར་ནག་སེར་གསུམ། སྨད་ན་ཞིག་ཆེན་བཅོ་བརྒྱད་དང་འཕགས་པ་རྣམ་གསུམ་གྱི་གདུང་རབས་རིམ་བྱོན་སོགས་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་ཡང་སྙིང་མདོ་སྔགས་རྫོགས་གསུམ་གྱི་ཉམས་ལེན་དང་བཤད་སྒྲུབ་འཆད་ཉན་གྱི་བརྒྱུད་པ་གཙང་མ་ཟམ་མ་ཆད་པར་མུ་ཏིག་དར་དཀར་ལ་བརྒྱུས་པ་བཞིན་དུ་རིམ་བཞིན་སྤེལ་བའོ།། དེ་དག་གི་རིང་དུ་བསྟན་པ་ལ་དར་རྒུད་ལན་འགའ་བྱུང་བ་ནི། སྤྱི་ལོའི་སྔོན་གྱི་མི་ལོ་ ༡༤༢༠༠ ལྷག་གི་མཚམས་སུ་དང་པོ་རྒྱུའི་བོན་སྡེ་རྣམས་སངས་རྒྱས་སྟོན་པ་ཞལ་བཞུགས་པའི་དུས་སུ་བདུད་ཕྲུག་ཤོར་བ་སྐྱ་བདུན་གྱིས་འོལ་མོ་ལུང་རིང་ནས་གཤེན་གྱི་རྟ་བདུན་བརྐུས་ཏེ། ཀོང་མཁར་འོག་ཏུ་བཅུག་པའི་སྐབས་སུ། སྟོན་པ་རྟ་ལ་ཆགས་པ་མ་ཡིན་པར་བོད་ཡུལ་མུན་པའི་གླིང་གི་སེམས་ཅན་ལ་ཐར་བའི་ལམ་སྟོན་དང་འཚེ་མེད་ཞི་བའི་སྲོལ་བཟང་སྟོན་པའི་དུས་ལ་བབ་པ་དགོངས་ནས་བདུད་དང་མི་ཡི་ཚོགས་རྣམས་ཡང་དག་ལེགས་པའི་ལམ་ལ་དགོད་པའི་ཕྱིར་དུ་དྭགས་ཀོང་ཉང་གསུམ་དུ་ཕེབས་ཏེ་ཀོང་རྗེ་དཀར་པོ་དང་མཇལ་ནས་མཆོད་ཡོན་དུ་གྱུར། ཀོང་རྗེ་དང་འཁོར་རྣམས་ལ་རྒྱུ་ཡི་བོན་བཞི་བསྟན་ཅིང་ནམ་ཞིག་འབྲས་བུའི་བོན་རྣམས་རབ་ཏུ་དར་བའི་ཐུགས་སྨོན་རྒྱ་ཆེར་མཛད།དེ་ནས་རྒྱལ་བ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་མ་རྫོགས་ཀྱི་བར་དུ་གངས་ཅན་བོད་ཀྱི་ཞིང་ན་དམུ་རིགས་གཤེན་གྱི་གདུང་རྒྱུད་ལྷད་མེད་བྱོན་པའི་ཕྱིར་དུ་ཀོང་བཟའ་འཕྲུལ་ལྕམ་ཁབ་ཏུ་བཞེས་ཏེ་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས། གངས་ཅན་བོད་ཀྱི་ཡུལ་དུ་དམུ་རིགས་གཤེན་གྱི་གདུང་རྒྱུད་དེ་ནས་རིམ་བཞིན་སྤེལ་བའོ།། མདོ་དྲི་མེད་གཟི་བརྗིད་ཀྱི་བསྟན་པ་གཉེར་གཏད་ཀྱི་མདོ་ལས། ནམ་མཁའ་སྣང་བའི་མདོག་ཅན་ཁྱོད།། དེ་དུས་དེ་དང་དུས་མཉམ་དུ།། ཁ་བ་ཅན་གྱི་བོད་ཡུལ་དུ།། ལྷ་རི་གྱང་དོ་བྱ་བ་རུ།། ཁྲི་བདུན་བར་ལ་བདུན་ཚིགས་དང་།། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད།། གསང་བ་སྔགས་ཀྱི་བསྟན་པ་སྤེལ།། ཞེས་གསུངས་ཏེ་སྟོན་པས་ལུང་བསྟན་པ་བཞིན་དུ། བོད་ཡུལ་དུ་ཐེག་ཆེན་འབྲས་བུའི་བོན་རྣམས་སྤྱི་ལོའི་སྔོན་གྱི་མི་ལོ་ ༡༡༣༦ མཚམས་སུ་བྱོན་པའི་བོད་རྗེ་དང་པོ་གཉའ་ཁྲི་དང་དེའི་སྐུ་སྲས་མུ་ཁྲི་ཡབ་སྲས་ཀྱི་རིང་དུ་ཞང་ཞུང་ནས་བྱོན་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་། སྐུ་གཤེན་ཕ་བ་མཚེ་གཅོ་སོགས་ཀྱིས་བོད་ཡུལ་དུ་གསང་སྔགས་བསྒྲགས་པ་སྐོར་གསུམ་སོགས་དར་སྤེལ་བཏང་སྟེ་བོན་གྱི་འདུ་གནས་སུམ་བཅུ་རྩ་བདུན་སོགས་བཙུགས་ནས་རྒྱལ་གཤེན་བསྟན་པ་མཉམ་ཆགས་བྱས། སྤྱི་ལོའི་སྔོན་གྱི་མི་ལོ་ ༧༠༩ ལོར་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་གྱི་དགུང་ལོ་ཉེར་བརྒྱད་དེ་སྤྱི་ལོ་ ༦༨༡ ལོར་ཕྱི་རྐྱེན་དང་ནང་རྐྱེན་སྣ་ཚོགས་པའི་དབང་གིས་གཡུང་དྲུང་བོན་གྱི་བསྟན་པ་ལན་གཅིག་བསྣུབས་དགོས་བྱུང་།རྒྱལ་རབས་དགུ་བ་སྤུ་དེ་གོང་རྒྱལ་གྱིས་སླར་ཡང་ཡབ་མེས་ཀྱི་བཀུར་བའི་གཡུང་དྲུང་གི་བོན་རིན་པོ་ཆེ་མཆོད་ཅིང་བསྙེན་བཀུར་རྒྱ་ཆེར་བྱས་ཏེ་དར་བའོ།།
དེ་ནས་སྤྱི་ལོ་ ༦༡༧ ལོར་སྐུ་འཁྲུངས་པའི་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོས་བོན་ཆོས་ཟུང་འབྲེལ་དུ་སྤྱོད་པ་དང་། སྤྱི་ལོ་ ༧༤༢ ལོར་འཁྲུངས་པའི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བྷོ་ཏི་སྭ་ཏོ་དང་པད་མ་འབྱུང་གནས་གཉིས་གདན་དྲངས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་ནས་དམ་པའི་ཆོས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བའོ།། སྤྱི་ལོ་༨༠༣ལོར་འཁྲུངས་པའི་རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོའི་དགུང་ལོ་སོ་དགུ་སྟེ་སྤྱི་ལོ་༨༤༡ ལོར་སངས་རྒྱས་ཀྱི་བསྟན་པ་ཆ་གཅིག་བསྣུབས་ནས་བོད་ཡུལ་དུ་འཆམ་མཐུན་གྱི་ལམ་སྲོལ་གསར་སྤེལ་བྱས་པ་དང་། བོད་ཡུལ་བཅིངས་འགྲོལ་གྱི་ལས་འགུལ་ཆེན་པོ་གསར་དུ་བཙུགས་ཏེ་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་ཆེན་པོ་བཏང་། སྤྱི་ལོ་ ༨༤༡ ལོ་ནས་ ༡༢༦༥ བར་དུ་བོད་ཡུལ་སིལ་བུར་འཐོར་ནས་སྔོན་གྱི་བཀའ་ཤག་ཁག་དང་།གྲུབ་མཐའ་ཁག་གིས་རང་རང་གི་བསྟན་པ་རིག་གནས་ཅི་ནུས་ཀྱིས་དར་སྤེལ་བྱས། སྤྱི་ལོ་ ༡༢༦༥ ལོ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་གྱི་རྒྱལ་སྲས་སེ་ཆེན་གྱིས་ མཐུན་རྐྱེན་དང་དབང་ཡོན་གྱི་ཚུལ་དུ་གནང་སྟེ་བོད་ཡུལ་ས་སྐྱ་བའི་དབང་བསྒྱུར་བྱས། སྤྱི་ལོ་ ༡༣༤༩ ལོ་ནས་ཕག་གྲུའི་ཁྲི་དཔོན་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་བོད་ཡོངས་ལ་དབང་བསྒྱུར་གྱི་གོ་གནས་ཐོབ། སྤྱི་ལོ་ ༡༦༡༨ ལོ་ནས་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ཡུལ་བཙན་འཛིན་བྱེད་བཞིན་པའི་སོག་དམག་ཕམ་སྟེ་བོད་ཁམས་ཡོངས་ལ་དབང་སྒྱུར་བའི་སྒྲིག་གཞི་གསར་གཛུགས་བྱས་ཏེ་བོད་ཀྱི་སྲིད་དབང་བཟུང་། སྤྱི་ལོ་ ༡༦༤༢ ལོ་ནས་སོག་པོ་གུ་ཤྲི་ཧན་དང་རྒྱལ་དབང་ལྔ་བའི་ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་ཀྱི་གསང་འབྲེལ་འོག་གཙང་དམག་ཕམ་སྟེ་རྒྱལ་དབང་ལྔ་བ་བོད་ཀྱི་སྲིད་ཁྲིད་བཀོད། དེ་ནས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་སྤྱི་ལོ་ ༡༩༥༩ ལོའི་བར་དུ་བཟུང་བའོ།། དེའི་བར་དུ་གྲུབ་མཐའ་ཁག་གིས་ནང་འཁྲུགས་དང་བོད་ཀྱི་ཆབ་སྲིད་འཐེན་འཁྱེར་བྱས་ནས་བོད་ཡུལ་ཁ་འཐོར་དུ་སོང་བ་དང་། དེ་དག་གི་དུས་རབས་སུ་བོད་ཡུལ་དུ་ནང་འཁྲུགས་དང་གོད་ཆག་ཐེབས་པའི་རུལ་སུངས་ཀྱི་ལས་སྤྱོད་ཡ་ང་བ་དག་འདི་ནས་མི་སྤྲོས་སོ།། དེ་ནས་སྤྱི་ལོ་༡༩༥༨ལོ་ནས་རིག་གནས་གསར་བརྗེ་ཆེན་པོ་བྱུང་སྟེ་རེ་ཞིག་སངས་རྒྱས་ཀྱི་བསྟན་པའི་སྒྲ་ཙམ་ཡང་ཐོས་རྒྱུ་མེད་པའི་གནས་སུ་གྱུར་ཏོ།། སྤྱི་ལོ་༡༩༨༠ལོ་ནས་ཏང་གི་ཆབ་སྲིད་འགྱུར་ཟློག་དང་འབྲེལ་ཏེ་སླར་ཡང་ཆོས་སྒོ་ཕྱེས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཀྱིན་ཡོད་དོ།།
སི་ཁྲོན་ནང་བསྟན་སློབ་གླིང་ནས་ལྷ་བུ་བློ་བཟང་གིས་ཕུལ།
བསམ་ཚུལ་ཕྲིས།