བོད་སྲོལ་དེ་ནམ་ཡང་མ་བརྗེད།

རྩོམ་ཡིག་འདི་ཐེངས། 258 བཀླགས་འདུག

Screen Shot 2015-11-17 at 12.53.53 AM
མི་ཡུལ་གྱི་ཡུལ་ལྗོངས་བཀོད་པ།།
མཛེས་པ་ལ་ཚོད་ཅིག་མེད་ཀྱང་།
རང་ཡུལ་གྱི་རང་བྱུང་ཁོར་ཡུག།
གངས་ལྗོངས་དེ་ནམ་ཡང་མ་བརྗེད།།

མི་ཡུལ་གྱི་ཁང་རྩེག་ནང་ལ།།
སྡོད་པའི་ཚེ་སྤྲོ་སྣང་ཆེ་ཡང།།
རང་ཡུལ་གྱི་ཕ་ཁྱིམ་སྨུག་པོ།།
སྦྲ་ནག་དེ་ནམ་ཡང་མ་བརྗེད།།
མི་ཡུལ་ནས་རོགས་རམ་བྱེད་མཁན།།
གཏོང་ཕོད་ཅན་སྦྱིན་བདག་བཟང་ཡང་།
རང་ཡུལ་ལ་ཡོད་པའི་དྲིན་ཆེན།།
ཕ་མ་དེ་ནམ་ཡང་མ་བརྗེད།།
མི་ཡུལ་གྱི་གྲོགས་དང་འདྲིས་དུས།
ཕན་ཚུན་ལ་མཛའ་བརྩེ་ཟབ་ཀྱང་།།
རང་ཡུལ་གྱི་སྐྱིད་སྡུག་གཅིག་པའི།།
སྤུན་ཟླ་དེ་ནམ་ཡང་མ་བརྗེད།།
མི་ཡུལ་གྱི་ཟས་རིིགས་འདྲ་མིན།།
རོ་བཅུད་དེ་ཧ་ཅང་བཟང་ཡང་།།
རང་ཡུལ་གྱི་ལྷད་མེད་ཕ་ཟས།།
རྩམ་པ་དེ་ནམ་ཡང་མ་བརྗེད།།
མི་ཡུལ་ལ་ཡོད་པའི་འཐུང་ཆ།།
ཤིང་འབྲས་ཀྱིས་བཟོས་པ་ཞིམ་ཡང་།།
རང་ཡུལ་གྱི་ཕྱུགས་ལས་བྱུང་བའི།།
ཞོ་འོ་གཉིས་ནམ་ཡང་མ་བརྗེད།།
མི་ཡུལ་ལ་འཚོ་བ་རོལ་སྐབས།།
གཞན་སྐད་དེ་སྤྱོད་དགོས་ཐུག་ཀྱང་།།
རང་ཡུལ་གྱི་སྲོག་རྩར་གྱུར་བ།།
བོད་སྐད་དེ་ནམ་ཡང་མ་བརྗེད།།
མི་ཡུལ་ནས་ཡིག་རིགས་སྣ་ཚོགས།།
སྦྱོང་རྒྱུ་ཡི་གོ་སྐབས་འབེལ་ཡང་
རང་ཡུལ་གྱི་ཐུན་མིན་ངོ་བོ།།
དབྱངས་གསལ་དེ་ནམ་ཡང་མ་བརྗེད།།
མི་ཡུལ་གྱི་གོན་པ་དེ་དག།
བཟོ་དབྱིབས་དང་གྱོན་སྟབས་བདེ་ཡང་།།
རང་ཡུལ་གྱི་ཐུན་མིན་ཁྱད་ཆོས།།
བོད་ལྭ་དེ་ནམ་ཡང་མ་བརྗེད།།
མི་ཡུལ་ནས་རིགས་གཞན་ཕོ་མོའི།
མཛའ་བརྩེ་དེ་ལྷད་མེད་ཡིན་རུང་།།
རང་ཡུལ་གྱི་མི་རིགས་གཙང་ཕྱིར།།
རིགས་མཐུན་ལ་གཉེན་སྒྲིག་མ་བརྗེད།།
མི་ཡུལ་ལ་སྡོད་པའི་ཚེ་ལ།།
གཞན་སྲོལ་དེ་དང་ལེན་དགོས་ཀྱང་།།
རང་ཡུལ་ལ་ཡབ་མེས་ཤུལ་བཞག།
བོད་སྲོལ་དེ་ནམ་ཡང་མ་བརྗེད།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *