སེམས་གཤིས་དངོས་བྲིས།
རྩོམ་ཡིག་འདི་ཐེངས། 371 བཀླགས་འདུག
སེམས་ཀྱི་རང་བཞིན་དྲི་མས་མ་བསླད་པ།།
སྤྲིན་མེད་གཡའ་དག་སྟོན་ཟླའི་ནམ་མཁའ་བཞིན།།
དུག་གསུམ་ཉོན་མོངས་སྨྱོ་བའི་གླང་ཆེན་ངར།།
རང་སེམས་འདུལ་བའི་ལྕགས་ཀྱུ་ད་སྩོལ་ཅིག།
སྣང་མཐོ་བྲག་གཟར་གངས་ཀྱི་མཐའ་ལ་བསྐོར།།
དྲན་འཛིན་མཚོ་མོའི་རླབས་རིས་མི་གསལ་བ།།
ངན་རྒུ་ལོབ་པའི་བྱང་རྒོད་དང་འགྲོགས་ཏེ།།
ཕྱི་བཤོལ་ལེ་ལོའི་ཕྱོགས་སུ་ལུས་སེམས་བྲེལ།།
བརྗིད་ཆགས་གངས་ལ་འོད་དཀར་འཚེར་ནས་འོང་།།
རང་སེམས་རབ་རྨོངས་མུན་པ་ཅུང་ཕྱེ་ཡང་།།
གདོན་འདྲེ་བདུད་ཀྱི་ཆོ་འཕྲུལ་ལུས་ལ་འཐིབས།།
རྩེད་འཇོར་གཡེང་བའི་བསམ་མེད་བྱིས་པར་མཚུངས།།
ས་འཛིན་ཡངས་པོར་མེ་ཏོག་འཛུམ་གྱིས་བཞད།།
བདག་བློའི་མཁའ་དབྱིངས་ཆུ་འཛིན་ཆར་དུ་བསྙིལ།།
ངན་སྙིགས་འདམ་ཆུ་བཞུར་རྐྱེན་མང་དྲགས་པའི།།
འཛུམ་དཀར་པདྨོར་འདབ་རྫབ་དྲི་མས་འབག།
ཤེས་བྱའི་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ།།
ཟེགས་མས་ཅུང་བརླན་རང་སེམས་དེ་ཡིས་འཚིམ།།
ཕྱི་ཙམ་བརླན་ཡང་ནང་སེམས་མ་བརླན་པའི།།
སེམས་གྱོང་བུ་ལོའི་ལུས་ཕུང་ཕ་བོང་བཞིན།།
བསམ་ཚུལ་ཕྲིས།