འཁྱོག་སྒུར་རྩ་བ་གཞོགས་པའི་དྲང་གཏམ་འཕྲུལ་གྱི་སྟ་རེ།

རྩོམ་ཡིག་འདི་ཐེངས། 424 བཀླགས་འདུག

རང་བློ་རྨོངས་པའི་ནད་ཀྱིས་བཟུང་ན་ཡང་།།
ལེགས་བཤད་སྨན་གྱི་རོ་ལ་མི་བསྟེན་པར།།
གཞན་སྐྱོན་ཁབ་རྩེ་འཚོལ་ལ་རབ་བྱང་བའི།།
བླུན་པོའི་རྒྱལ་བོ་དེ་ལ་འདི་སྐད་སྨྲ།།

འཇིག་རྟེན་མཛེས་པར་བྱེད་པའི་རྒྱན་གཅིག་པུ།།
མཉམ་མེད་ཐུབ་པའི་དབང་བོར་ཕྲག་དོག་མདའ།།
ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ན་ཡང་།།
མ་གནོད་སྐུ་ཡི་གཟི་བྱིན་ཕྱོགས་བཅུར་འཕྲོས།།
དེ་ལྟ་དེ་ཡི་དཔེ་དང་གཏམ་རྒྱུད་སོགས།།
སྐལ་བ་མ་འཇིག་མེད་པར་མི་འགྱུར་བས།།
ལོག་རྟོག་མེ་ཡིས་ལུས་སེམས་འཚིགས་པ་ལ།།
བྱང་ཆུབ་བདུད་རྩིའི་ཆབ་རྒྱུན་བསྩལ་དུ་གསོལ།།
བླ་མེད་བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱང་།།
བླ་མ་དགེ་བའི་བཤེས་ལས་བྱུང་བ་ལས།།
རང་སྟོབས་རིག་པ་ཁོ་ནས་དོན་རྫོགས་པའི།།
དྲན་དབང་མཁས་པ་འཛམ་བུ་གླིང་ན་མེད།།
དུས་ཀྱི་རླུང་ནག་འཚུབ་མ་གཡུགས་པའི་དུས།།
ཅོལ་ཆུང་བྱ་སྒྲོ་རྒྱང་ལ་འཁུར་ན་ཡང་།།
རིགས་ཀྱི་རྡོ་རྗེ་གོ་ཁྲབ་གྱོན་ནས་ནི།།
ཕ་སྐད་སྲུང་བའི་དཔའ་བོ་དགེ་རྒན་ཡིན།།།
རྣམ་འགྱུར་སྟོང་ལྡན་བོད་ཀྱི་ཡི་གེ་འདི།།
ལྟག་ཆུ་ཆད་པའི་རྫིང་བུའི་རྟུལ་ཞུགས་ཀྱིས།།
རིགས་རྒྱུད་མྱུ་གུ་ཐན་པས་སྐམ་པའི་ཚེ།།
སློབ་གསོ་སྦྲང་ཆར་འབེབས་མཁས་དགེ་རྒན་ཡིན།།
རང་ཁྱིམ་འཁོར་བ་ཟུར་དུ་བཞག་ནས་ནི།།
བྱིས་པའི་ཆེད་དུ་ཡོད་ཚད་བློས་བཏང་བ།།
ཟླ་ཕོག་སྒོར་རྡོག་འགའ་ཡི་དོན་དུ་མིན།།
ཕ་བཟང་ཞལ་ཆེམས་བརྩི་མཁན་དགེ་རྒན་ཡིན།།
འཇིག་རྟེན་འཚོ་ཐབས་དོན་དུ་གཉེར་བ་ལ།།
རྐང་གཉིས་མི་ལས་དུད་འགྲོ་སེམས་ཅན་འཇོན།།
ཤེས་བྱའི་ཐིགས་པས་འོ་འཛིན་བཀང་བ་ཡི།།
ས་སྟེང་ཡུམ་ཆེན་གཉིས་པ་དགེ་རྒན་ཡིན།།
ཡོན་ཏན་ཤིག་གི་མགོ་ཙམ་ཡོད་གྱུར་ཚེ།།
དགེ་རྒན་བླ་མའི་མིང་འདི་མི་ནོར་བར།།
མགོ་བོ་འབྲས་བུས་བཟུང་བའི་སྙེ་མ་ལྟར།།
བཤེས་གཉེན་དམ་པའི་མདུན་དུ་དུད་ངེས་ཡིན།།
སྐྱོ་མེད་སློབ་ཁྲིད་ལས་ལ་འབད་པ་ཡི།།
ཞི་འཇམ་སྨྲ་མཁས་ལྡན་པའི་བརྩོན་འགྲུས་ཅན།།
དོན་གྱི་དགེ་རྒན་དག་ལ་སྡིགས་པ་ལས།།
སློབ་གསོའི་འབྱུང་ཁུངས་གང་ཡིན་ཞིབ་ཏུ་འཚོལ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *