ངའི་སེམས་ཀྱི་གངས་རི།

རྩོམ་ཡིག་འདི་ཐེངས། 329 བཀླགས་འདུག

Screen Shot 2015-11-12 at 12.18.52 PM
ང་ཡི་གངས་རི་མིག་ཆུའི་ཀློང་དུ་ལྷུང་།།
ལོ་ཟླ་འདི་ལ་ཡང་ཡང་འདར་གྱིན་ཡོད།།
ཆུ་མོ་གྱེན་བཞུར་ཞིག་གིས་བརླན་ཙམ་བྱེད།།
སེམས་ཀྱི་བླ་རི་དེ་ཡང་འབོར་ལ་ཉེ།།

དཔའ་གདེང་མཐོ་བའི་རི་རྩེར་རྒྱུ་ན་ཡང་།།
མདུན་གྱི་མུན་པའི་མཐུག་ཚུལ་ཞེ་ལ་ཟུངས།།
ཁ་ཕོ་རླུང་ལ་སྤུར་བའི་འུད་སྒྲ་ཡིས།།
རྡུལ་འཚུབ་དྲག་པོ་བསུས་ཚེ་ཤོར་བ་མང་།།
མཚོ་ཡི་ངོགས་ནས་ཟླ་བའི་རི་མོ་ཡལ།།
སྐར་མའི་འཛུམ་ཆུང་དེའང་དེ་བཞིན་ནུབ།།
ལྷ་བྱ་ལྷོ་མཐར་ཡན་པའི་སྐྱོ་བའི་གླུ།།
ཡང་ཡང་བླངས་པ་ཁ་དོག་གཉིས་སུ་ངེས།།
ང་ནི་རླུང་གིས་སྒུལ་བའི་དར་ལྕོག་མིན།།
གཏིང་ཟབ་མཚོ་ངོགས་མཐོང་བའི་གསེར་མིག་ཡིན།།
ས་སྒང་འཁོར་ཚུལ་མཐོང་བའི་ཤེས་རབ་སྤྱན།།
མུན་ནག་མདའ་འཕེན་མིན་ཚུལ་ཞེ་ན་གསལ།།
ནག་ནོག་ཚིག་འབྲུ་མང་ནས་མང་དུ་འཕེལ།།
དོན་སྙིང་རེ་འབྲས་མར་ནས་མར་དུ་ལྷུང་།།
ཁ་རྩོད་མདའ་སྣེ་ཙམ་གྱི་རྣོ་དབལ་དེས།།
མདུན་གྱི་བྲག་རྫོང་མི་གཏོར་ཞེ་རེ་སྐྱོ།།

བོད་རྒྱལ་ལོ་ ༢༡༤༢    ༨   ༢༧ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *