སྙན་ངག་པ་དེ།

རྩོམ་ཡིག་འདི་ཐེངས། 858 བཀླགས་འདུག

Screen Shot 2015-11-09 at 10.38.33 AM
སེམས་ན་གངས་ཀྱི་རྔམ་ཁ་མཐུག་ཅིང་།།
ཡིད་ལ་འབྲོང་གི་དགའ་སྐྱོ་འཁོར་བའི།།
སྙན་ངག་པ་དེ་ཉིན་དཀར་ཞིག་གི།།
ཞོགས་ཀ་དེ་ཡིན་མཚམས་སྤྲིན་དེ་ཡིན།།

སྡུག་གི་འཁོར་བ་སྨྲེང་བས་གཙེས་ན།།
མནར་གཅོད་རི་མོའི་འབུར་ཆ་གཞོམ་པའི།།
སྙན་ངག་པ་དེ་བདེན་དོན་ཞིག་གི།
གནད་འགག་རྩོད་པའི་སྨྲ་ལྕེ་དེ་ཡིན།།
སྤོབས་པའི་མགོ་བོ་མར་ལ་ཤུད་ན།།
ལ་རྒྱའི་དཔུང་བ་ལྕགས་ཀྱིས་འདེགས་པའི།།
སྙན་ངག་པ་དེ་དགུན་འཁྱག་ཅིག་གི།
ཉིན་ཁ་དེ་ཡིན་ཉིན་གུང་དེ་ཡིན།།
སྟོང་ཁམས་མེ་ལོང་གཡའ་དག་ཅིག་ལ།།
ཡིད་བརྙན་ཁྲི་འབུམ་ཆུ་ལྟར་ལྡུག་པའི།།
སྙན་ངག་པ་དེ་མི་སེམས་ཤིག་ལ།།
བུ་རམ་བསྐུ་བའི་མགྲིན་པ་དེ་ཡིན།
ཡུལ་ནས་རྒྱང་ལ་འཁྱམ་པའི་བུ་དང་།
རྒྱང་ནས་ཡུལ་ལ་ཤིན་ཏུ་འཁྲེང་བའི།།
སྙན་ངག་པ་དེ་དུས་འགྱུར་ཞིག་གི།།
ངོ་བོ་དེ་ཡིན་རང་བཞིན་དེ་ཡིན།།
མིག་གིས་རང་གི་རྐང་སྣེར་ལྟ་ཞོར།
ཚོར་བས་རྒྱང་གི་རྒྱང་དག་ཟིན་པའི།།
སྙན་ངག་པ་དེ་ཉེན་ཁ་ཞིག་གི།
ཕྱོགས་སོ་སྟོན་པའི་བརྡ་རྟགས་དེ་ཡིན།།
རྨོངས་པར་གྱུར་བའི་རྣམ་ཤེས་ཚོགས་ལ།།
བར་དོའི་སྐད་ཀྱིས་བླ་འབོད་བྱེད་པའི།།
སྙན་ངག་པ་དེ་སྨག་ནག་ཅིག་གི།།
དཀར་མེ་དེ་ཡིན་སྐར་ཆེན་དེ་ཡིན།།
ས་རྡོ་ཆུ་བྲག་མདུན་དུ་སྤུངས་ནས།
ཁ་ཆར་བུ་ཡུག་དབྱངས་སུ་བྱ་བའི།།
སྙན་ངག་པ་དེ་ཤེས་རབ་ཅིག་གི།
ཡང་རྩེར་སོན་པའི་གྲུབ་ཐོབ་དེ་ཡིན།།
འཆར་ཡན་མོག་པོའི་ཡོལ་བའི་ཕག་ན།།
དངོས་ཡོད་བུ་མོ་གཅེར་བུར་གནོན་པའི།།
སྙན་ངག་པ་དེ་སྐད་ཡིག་ཅིག་གི།
ལང་ཚོ་དེ་ཡིན་འགུག་ཤུགས་དེ་ཡིན།
རང་ཉིད་ཆང་ལ་སྦངས་ཏེ་ངུ་ཞིང་།།
ཆང་གིས་རང་ཉིད་བཀྲུས་ཏེ་དགོད་པའི།།
སྙན་ངག་པ་དེ་མི་རིགས་ཤིག་གི།
འཆལ་བོ་དེ་ཡིན་དམ་པ་དེ་ཡིན།།
འཁྱོག་བརྗོད་ཚིག་གི་གཞུ་མོའི་བར་ན།།
དྲང་དོན་བསམ་བློའི་མདའ་མོ་རྣོ་བའི།།
སྙན་ངག་པ་དེ་རྣམ་བཞག་ཅིག་གི།།
ངེས་དོན་སྟོན་པའི་གཏན་ཚུགས་དེ་ཡིན།།
བློ་གྲོས་ཟབ་རྣམས་ཁྲིད་ཀྱིན་ཁྲིད་ཀྱིན།།
ཆོས་དག་བདེ་སྟོང་རོ་རུ་བཞུ་བའི།
སྙན་ངག་པ་དེ་རང་བྱུང་ལྷ་ཡི།།
སྤྲུལ་བ་དེ་ཡིན་བྱིན་རླབས་དེ་ཡིན།།
གཅིག་པུའི་སྣང་བ་དུ་མར་གྲོལ་ཡང་།།
དུ་མའི་དབུས་ན་གཅིག་པུར་ལུས་པའི།།
སྙན་ངག་པ་དེ་དུས་རབས་ཤིག་གི།།
ཁེར་རྐྱང་མིན་པའི་ཁེར་རྐྱང་དེ་ཡིན།།

ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༨ ཉིན་༼རྒྱལ་གཤེན་སྙན་ངག་གླིང་༽གི་གཏམ་གླེང་ཞིག་གིས་རྐྱེན་བྱས་ཏེ་གློ་བུར་དུ་ཁ་པར་ནང་བྲིས་པ་བཀྲ་ཤིས་བདེ་ལེགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *