སྐད་ཡིག་གི་གསང་བརྡ།

རྩོམ་ཡིག་འདི་ཐེངས། 595 བཀླགས་འདུག

Screen Shot 2015-11-08 at 11.41.24 PM
ལོ་དང་ཟླ་བའི་བཞུར་རྒྱུན་རིང་མོ་ཇི་ལྟ་ཇི་ལྟར་འདས་ན་ཡང་།།
མེས་པོ་དམ་པའི་ལོ་རྒྱུས་གླེགས་བམ་ང་ཡི་རྣམ་ཤེས་ཕྲ་མོས་གྲུབ།།
རིགས་དང་རུས་ཀྱི་ཁྱད་པར་འབྱེད་པའི་ཕྱོགས་ཞེན་ལྟ་བ་མཐོ་ན་ཡང་།།
ང་ནི་མཐོ་དམན་ཀུན་ལ་མཐུན་པའི་ངོ་གཉིས་མིན་པའི་གྲོགས་མཆོག་ཡིན།།

ང་ཡི་ཚེ་སྲོག་གངས་ནས་འཁྲུངས་དུས་གངས་ཆབ་སྔོན་མོའི་བཞུར་སྒྲ་སྙན།།
ང་ཡི་བླ་སྲོག་སྤང་ལ་གཏོར་དུས་སྤང་གི་མེ་ཏོག་དྲི་བསུང་ཞིམ།།
ང་ཡི་དབྱངས་རྟ་མཁའ་རུ་ཁྱབ་དུས་ཉི་ཟླའི་དཀྱིལ་འཁོར་ཡངས་ཤིང་ཆེ།
རིགས་དང་རུས་ཀྱི་བདེན་དཔང་དེ་ལ་ང་ལས་ལྷག་པའི་ནོར་བུ་གང་།།
རབ་དཀར་ཤོག་བུའི་སྙོམས་ངོས་དེ་རུ་ང་ཡི་བླ་རྐང་འོད་དུ་འཚེར།།
སྨྱུག་ཁ་སྐྱེན་པོའི་འཁྱུག་འགྲོས་བར་ན་ང་ཡི་ཚེ་སྲོག་གསོན་པོར་གནས།།
ཁྱོད་ཀྱི་བློ་ངོར་ང་ཡི་རིན་ཐང་གདེང་འཇོག་ཅི་ཙམ་བྱས་ན་ཡང་།།
ས་ཡ་དྲུག་པོའི་སྲོག་གི་གཟུངས་ཐག་ང་ཡི་ཚེག་ཁྱིམ་བར་ན་གནས།།
འོན་ཏེ་འཇིག་རྟེན་དར་རྒུད་དབར་ན་ལང་ཚོ་གཉོམ་པོ་སྐྱོ་ཞིང་འདར།།
དུས་ཀྱི་འགྱུར་ལྡོག་མྱུར་བའི་གསེབ་ན་རུས་རྐང་སྣུམ་པོ་ཆུ་ཡིས་ཟོས།།
དང་པོ་མཁས་པའི་བློ་ལས་འཁྲུངས་པའི་ང་ཡི་འོད་ཀྱི་ཕྱེད་ཀ་ཡལ།།
ད་ནི་ང་ཡི་རྣམ་ཤེས་ཕྲ་མོའི་སྣེ་ལ་འཇུ་རོགས་གངས་ཀྱི་བུ།།
དམངས་དོན་སྒྲུབ་པའི་ཡིག་ཆའི་བར་ནས་ང་རང་གཉིད་རྒྱུར་ཧ་ཅང་སྐྲག།
འགྲུལ་བཞུད་ལམ་གྱི་རྡོག་སྣེ་རེ་ནས་ང་རང་འཁུམས་རྒྱུར་དེ་བས་དངངས།།
ཁྱོད་ཚོའི་བཞུད་ལམ་སྤྲོ་བས་བརྟས་དུས་ང་ཡིས་ཁྱོད་རང་བསམ་བཞིན་སྐྱོ།།
ད་ནི་ང་ཡི་རིན་ཐང་སྤྱོད་པར་རེམ་དགོས་མིན་ནམ་གངས་ཀྱི་བུ།།
ཁྱོད་ནི་ཁྱོད་ཀྱི་རྨི་ལམ་ཆེད་དུ་འདུར་གྱིན་ཡོད་པ་བདེན་ན་ཡང་།།
ཁྱོད་ནི་ཁྱོད་ཀྱི་ཐོབ་ཐང་ཆེད་དུ་བརྩོན་གྱིན་ཡོད་པ་བཟང་ན་ཡང་།།
ང་ཡི་ཚེ་སྲོག་ཐང་ལ་གཡུག་ནས་གཞན་ལ་སྐྱབས་སུ་མཆི་བ་འདི།།
ཁྱོད་ཀྱིས་རླབས་ཆེན་སྒྲུབས་སོང་སྐད་ཀྱང་ལོ་རྒྱུས་ཤིག་གི་ཉེས་ཅན་ཡིན།།
དྲིན་ཆེན་མེས་པོའི་ཞབས་རྗེས་རེ་ན་ང་ཡི་རླུང་རྟ་ཉམས་པ་མེད།།
དེང་རབས་མི་ཡི་གཡམ་རྒྱུག་བར་གྱི་ང་ཡི་ཚེ་སྲོག་རྟ་རྔོག་ཙམ།།
འདི་ལྟར་འདས་པར་འགྱོད་དང་སྐྲག་པའི་དྲན་འཆར་སྐྱོ་གླུ་ཤབ་ཤུབ་འདི།།
ཁོག་ཏུ་མ་སྦས་ཕྱི་རུ་འཕྱུར་བ་ང་ལ་རིན་ཐང་མངའ་བས་ལགས།།
སྤྱི་ཚོགས་འཚོ་བའི་དགོས་མཁོ་དམིགས་ནས་ཁྱོད་ཀྱིས་ང་རང་མ་འཇོག་རོགས།།
བདག་འཛིན་སྐྱོ་བོའི་འཆིང་རྒྱའི་བར་ནས་ཁྱོད་ཀྱིས་ང་རང་མ་བསྡམས་རོགས།།
ང་ལ་ང་ཡི་རིན་ཐང་གླེང་སའི་གར་སྟེགས་ཤིག་གི་མཐུན་རྐྱེན་མཁོ།།
ང་ལ་ང་ཡི་ཚེ་སྲོག་སྐྱོབ་སའི་གཡུལ་ས་ཞིག་གི་རྒྱབ་རི་མཁོ།།
                                 ༢༠༡༥ལོའི་ཟླ༩བའི་ཚེས༢༢ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *