མངའ་རིས་དྲན་གླུ།

རྩོམ་ཡིག་འདི་ཐེངས། 430 བཀླགས་འདུག

kailash_and_mans-1

འཛམ་གླིང་ཟླུམ་པོའི་ཏོག་ཏུ་བརྗིད་པ་ལྷུན་པོ་གངས་དཀར་ཏི་སེ་དང་།

རིན་ཆེན་གཡུ་ཡི་མེ་ལོང་རྗེས་འགྲོ་ཡན་ལག་བརྒྱད་ལྡན་མ་པང་མཚོ།།

བགྲང་ཡས་སྨན་ཏོག་དྲི་བཟང་དཔག་ཚད་ཁྱབ་པའི་སྤོས་རི་ངད་ལྡན་སོགས།།

བྱིན་ལྡན་གནས་རི་འགངས་ཆེན་མང་བའི་ཡུལ་ལྗོངས་མངའ་རིས་སྐོར་གསུམ་དྲན།།

གངས་རྒྱལ་ཏི་སེའི་ཕྱོགས་བཞིར་རི་བོ་སྲོག་ཆགས་བཞི་ཡི་གཟུགས་འཛིན་པ།།

རྟ་དང་སེང་གེ་གླང་ཆེན་རྨ་བྱའི་ཁ་ནས་རིང་དུ་འབབ་པ་ཡི།།

གྲགས་ཆེན་ཆུ་བོ་རྣམ་བཞི་རླབས་ཕྲེང་མཁའ་ལ་འཕེན་པའི་རྩེ་དགའ་ཅན།།

ལྷོ་ཕྱོགས་ཧིན་དྷི་རྒྱ་མཚོར་རྒྱུག་པའི་འབྱུང་ཁུངས་མངའ་རིས་སྐོར་གསུམ་དྲན།།

རི་ཐང་རྫ་ལུང་ཀུན་ན་ཤྭ་རྐྱང་འབྲོང་དགོ་མ་བུ་རྩེད་འཇོར་རོལ།།

མཐའ་ཡས་སྤང་ལྗོངས་དཀྱིལ་ན་རྟ་ནོར་ལུག་གི་ཚོམ་བུ་བཀོད་པ་མཛེས།།

སྣ་ལྔའི་འབྲུ་ཡི་འཕེལ་ཁ་མཐོ་ཞིང་སྣ་ཚོགས་གཏེར་གྱི་སྒོ་བརྒྱ་ཕྱེ།།

རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཕུན་ཚོགས་སྟོད་ཀྱི་མངའ་རིས་སྐོར་གསུམ་དྲན།།

རྒྱ་མཚོའི་གོས་ཅན་གླལ་བའི་མཆེ་བ་དགུང་དུ་ཟུག་འདྲའི་ས་འཛིན་གྱི།།

གཡའ་དང་རྫ་ཡི་བང་རིམ་ཀུན་ཏུ་བཀར་བཏགས་སྟོབས་ཀྱི་དྲང་ཐིག་གིས།།

ཡ་ཐོག་མི་རབས་དབང་བསྒྱུར་སྲིད་འཛིན་ཕོ་བྲང་བརྩིགས་པ་ཆེས་སྔ་བ།

གདོད་མའི་རྒྱལ་ས་གུ་གེའི་མཁར་གྱི་ཉེ་འཁོར་མངའ་རིས་སྐོར་གསུམ་དྲན།།

མཁའ་ལྡིང་དབང་པོའི་འདབ་མ་བརྐྱངས་ནས་བྱང་དུ་འཕུར་འདྲའི་རི་བོའི་སྤོར།།

བྱ་རུ་ཅན་གྱི་རྗེ་བོ་ན་རིམ་མཛད་རྗེས་དངུལ་ཏོག་རབ་མཐོ་བ།།

གནའ་བོའི་མཁར་ཆེན་བཞི་ཡི་ཡ་གྱལ་བླ་ཆེན་དྲན་པ་ནམ་མཁའ་ཡི།།

སྒྲུབ་གནས་གཡུང་དྲུང་རིན་ཆེན་འབར་བ་ཞང་ཞུང་ཁྱུང་ལུང་དངུལ་མཁར་དྲན།།

མཁས་པས་སྡེ་སྣོད་གཞུང་བརྒྱ་སྨྲ་ལ་སྨྲ་བའི་སེང་གེ་མངོན་བྱོན་ཉིད།།

བཙུན་པས་བསླབ་གསུམ་མིག་ལྟར་གཅེས་ལ་གཅེས་པའི་སྲོག་གི་ཕྱིར་མི་གཏང་།།

བཟང་པོའི་ཡོན་ཏན་རིན་ཆེན་ལྷུན་པོ་ལྷུན་གྲུབ་འབད་མེད་ངང་ཚུལ་ཅན།།

སུམ་ལྡན་ཡོངས་འཛིན་གང་དེའི་སློབ་བུས་སློབ་དཔོན་བསྟན་འཛིན་དབང་གྲགས་དྲན།།

འགྲོ་བའི་ཟུག་རྔུ་དྲུངས་ནས་འབྱིན་པའི་སྨན་ལྷའི་ཞིང་བཀོད་མངོན་རྫོགས་པར།།

བཅུ་ཕྲག་རིག་པའི་དཔལ་གྱིས་ཕྱུག་པའི་སྨན་རམས་གཡུ་ཐོག་གཉིས་པ་ནི།

གཅིག་མིན་དུ་མས་དཔལ་ལྡན་རྒྱུད་བཞི་དུས་ཀྱི་འཁོར་ལོའི་འཆད་ཉན་སྲོལ།།

བླ་ནས་བླ་རུ་སྤེལ་བའི་གནས་མཆོག་མངའ་རིས་སྨན་རྩིས་ཁང་དེ་དྲན།།

གྱ་གྱུ་སྤངས་པའི་མི་གཤིས་ཡང་དག་རིག་པའི་གནས་ལ་བརྩོན་པ་དང་།།

ཚན་རྩལ་རིག་པའི་ཤེས་བྱ་སྣ་མང་རྟག་ཏུ་གཞན་ཕན་ལ་གཞོལ་བའི།།

མངའ་རིས་སྨན་རྩིས་ཁང་གི་གྲོགས་རྣམས་ཝ་ལེར་དྲན་པའི་ཉིན་ཞིག་ལ།།

སྲོལ་རྒྱུན་སྙན་ཚིག་ལམ་དུ་དྲངས་ཁུལ་བྱེད་པའི་ངལ་བ་དང་དུ་བླངས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *