དགུན་རླུང་གིས་སྒུལ་བ། 

རྩོམ་ཡིག་འདི་ཐེངས། 289 བཀླགས་འདུག

Screen Shot 2015-11-01 at 3.25.12 PM

དགུན་རླུང་ཤ་རུས་ལ་ཟུག་པའི་གྲང་སྣང་དེ་འདྲ།
མི་ལོ་མང་པོར་མྱང་མ་མྱོང་ཞེས་བཤད་ཆོག
ལོ་འདིའི་དགུན་རླུང་གིས་སྒུལ་བ་བསམ་ན།
སེམས་པ་ཆུ་འཁྱགས་ལ་གྱུར་བའི་གོ་རིམ་ཞིག་ཀྱང་དྲན་བྱུང་།

གོ་རིམ་འཆོལ་བའི་མི་ཚེ་འདིར།
རྒུན་ཆང་གིས་བཟི་བའི་སེམས་པ་ཞིག
ད་ལོའི་ལོ་སྟོད་ཀྱི་གྲང་རླུང་གིས་སྒུལ་ཞིང་གཡོ།
སྒེའུ་ཁུང་ཕྱི་རོལ་དུ་ལྷག་རླུང་མཚམས་མེད་དུ་ལྡིང་བཞིན་འདུག
ངས་ད་དུང་ཡང་ཕྱི་རོལ་གྱི་གྲང་སྣང་བསམ་བཞིན།
སྐྱ་མདོག་གི་དགུན་གཞུང་ཇི་ལྟར་བརྒལ་བར་བསམ་གཞིགས་བྱེད་བཞིན་ཡོད།
ལྷག་རླུང་གི་བསེབ་ན་མི་ཚེ་བྱེའུ་ཆུང་བཞིན་འདུར།
རྫོབ་འཐུག་པའི་མི་ཚོགས་འདི་ཡང་།
དགུན་རླུང་ལྟར། དཀྱེལ་ཡངས་དང་བཟོད་སྒོམ་མེད་པའི་གྲང་ངར་རིགས་ཤིག་རེད།
མི་ཡུལ་གྱི་འཚོ་བ་ནི་འཇགས་ཐབས་མེད་པའི་སེམས་ཀྱི་གྲང་ངར་ཞིག་རེད།
གྲང་ངར་འདི་ལྷད་འདྲེས་པའི་དབང་འཛིན་པ་ཚོ་དང་འདྲ་བར་བསམ་ན།
བཟང་སྤྱོད་དང་མི་གཤིས་མེད་པའི་བར་ན་འདར་ཞིང་སྐྱོམས།
ང་མི་ཡུལ་གྱི་མིང་ཚིག་ཁག་ཅིག་འཚོལ་བར་འགྲོ་འདོད།
བོར་བརླག་ལ་ཕྱིན་ཚར་བའི་མིང་ཚིག་དེ་དག
རྒྱང་ཐག་རིང་ས་ཞིག་ཏུ་ཁེར་རྐྱང་གིས་ལྷག་ཡོད་པར་བསམ་ན།
ཀེང་རུས་ལ་གྱུར་བའི་སྐྱེས་ཆེན་ཚོར་འཁང་ར་ཤོར་འགྲོ་ལ།
ཡིག་རིས་སུ་འཐིམས་པའི་བཤད་ཚུལ་དག་ལ་དོགས་པ་ཞིག་ཀྱང་ཟ་དགོས་བྱུང་།
འདི་ལྟར་དགུན་གཞུང་ནས།
དགུན་རླུང་དང་འདྲ་བའི་སེམས་ཀྱི་འཚོ་སྟངས་ཤིག་གིས།
ངས་དགུན་རླུང་དང་འདྲ་བའི་མི་ཚེ་ལ་སྡོམ་ཚིག་ཅིག་ཀྱང་འཇོག་དགོས་བྱུང་།
ཨུ་ཚུགས་དང་མིག་ཆུའི་གསེབ་ནས།
བོར་ཚར་བའི་མི་ཡུལ་གྱི་གསེར་མདོག་གི་མིང་ཚིག་དག་དུར་སྤས་བྱ་བར་འདོད།
གྲོང་ཁྱེར་གྱི་ཁང་བརྩེགས་འདི་དག་ནི།
མྱ་ངམ་ཐང་གི་རི་ཚོགས་ཤིག་དང་འདྲ་ལ།
བརྩེ་བ་བོར་བའི་མི་ཚོགས་འདི་ནི།
ཚེ་སྲོག་བྲལ་བའི་མྱ་ངམ་ཐང་གི་འཇག་སྐྱ་དེ་དག་དང་འདྲ།
དགུན་ཁ་ནི་མིའི་རིགས་ཀྱི་ནང་སེམས་རེད་ལ།
དགུན་རླུང་གིས་སྒུལ་བ་ནི་རྨ་ཁ་ཞིག་ལ་སྤར་ཤད་བྱེད་པ་དང་ཅིས་ཀྱང་འདྲ་བྱུང་།

ལོ་འགོའི་སྙན་ངག་ལ་༼བསྐྱར་འགོད་དང་ཁ་སྣོན་བྱས།༽

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *