བུམ་པའི་ནང་གི་མེ་ཏོག 

རྩོམ་ཡིག་འདི་ཐེངས། 291 བཀླགས་འདུག

 IMG_8535
རྡུལ་གྱིས་གྲུབ་པའི་འཇིགས་རྟེན་ཆུང་ཆུང་ཞེས།།
བདེན་པར་གྲུབ་པའི་སྣང་བ་ཨ་ཁ་མ།།
དབྱིངས་ཀྱི་ཉི་མ་ཟླ་བ་ཅི་བཞིན་དུ།།
བཙལ་ནས་སོང་ན་གང་ཡང་མི་རྙེད་ལ།།

རེག་བྱ་མིན་ཏེ་ཟིན་རྒྱུ་ཡོད་མ་ཡིན།།
ཁུ་ཁྲག་འདྲེས་པའི་ཚོར་བ་རླུང་ཡན་མ།།
ཝུ་ཆང་བཏུང་བའི་སྣང་བ་དགུ་འཁོར་མ།།
ཉེ་འབྲེལ་བྲལ་ཞིང་ཕྲད་པའི་ལྷན་འཛོམས་སོགས།།
མདོར་ན་འཇིགས་རྟེན་འདི་ཡི་བདེ་སྣང་ཀུན།།
སེ་གོལ་ཙམ་གྱི་སྣང་བ་ཙམ་ཞིག་ལས།
ནམ་མཁའ་བཞིན་དུ་གཡོ་བ་མེད་པ་ཞིག།
སངས་འཕགས་བཞིན་དུ་སྐྱེ་འཆི་མེད་པ་ཞིག།
འཕེན་བྱེད་ལས་ཀྱིས་གྲུབ་པའི་རྫ་ལུང་ན།།
ཕྲ་མཐོང་འཕྲུལ་གྱིས་ལྟོས་ཀྱང་མི་རིག་ལ།།
ཡེ་ཤེས་ཆེན་པོས་གཟིགས་ཀྱང་མི་འདུག་པ།།
དེ་ནི་མཚོ་ལ་ཤར་བའི་ཟླ་གཟུགས་ལྟར།།
གཡོ་ཞིང་རྟག་པ་མིན་པའི་གནས་ཀྱིས་སོ།།
ཀྱེ་ཧུད་གངས་རིའི་མགོན་པོ་ནོར་འཛིན་དང་།།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཉེ་བར་གཟིགས།།
བདག་སོགས་རྨོངས་པའི་དྲ་བ་རབ་བཅོམས་ཏེ།།
གསུང་རབ་གངས་རིའི་གཟི་དཔལ་མཐོང་བར་ཤོག།
སྒྲིབ་གཉིས་མུན་པའི་མཐའ་ལས་རྒྱང་གྱེས་ཏེ།།
རྒྱལ་བའི་དགོངས་དོན་ཅི་བཞིན་རྟོགས་པར་ཤོག།།
ས་ལམ་པདྨའི་འདབ་མ་རབ་རྒྱས་ཏེ།།
བདེ་གཤེགས་སྙིང་བོའི་དེ་ཉིད་མཛེས་པར་ཤོག།
བུམ་ནང་གནས་པའི་མེ་ཏོག་ཆུང་ཆུང་ཞིག།
སྡིག་པའི་ལས་ཀྱིས་མནར་བའི་ཚུལ་འདི་ལ།།
བྱམས་པའི་རླུང་ཤུགས་རྒོད་པའི་རྒྱལ་སྲས་ཀྱིས།།
ཟབ་ལམ་རིམ་ལྔའི་ཚུལ་གྱིས་ཉེར་དགོངས་ཏེ།།
སེམས་ངོར་ཆོས་ཀྱི་འཁོར་བསྐོར་བར་ཤོག།
ཟག་མེད་བདེ་བའི་ཆོས་ལ་སྤྱོད་པར་ཤོག།
བུམ་ནང་གནས་པའི་མེ་ཏོག་ཆུང་ཆུང་ཞིག།
སྐལ་བ་དུ་མར་འཁོར་ལོ་ཇི་བཞིན་དུ།།
མ་བགྲོད་འཁོར་བའི་ཚུལ་གྱི་གནས་འདི་ལ།།
བརྩེ་ཞིང་བྱམས་པའི་བཤེས་གཉེན་འབུམ་གྲངས་ཀྱིས།།
ཐུགས་ཀྱི་འོད་སྣང་ཅི་དགར་བསྩོལ་བར་ཤོག།
ལྷ་ལམ་ཡངས་པོར་མྱུར་ཏུ་བགྲོད་པར་ཤོག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *