རྣམ་ལྔའི་མཆོད་པ་འབུལ་ཚུལ་གྱི་རྣམ་བཤད་སེམས་ཀྱི་འཆར་སྒོ།

རྩོམ་ཡིག་འདི་ཐེངས། 2905 བཀླགས་འདུག

w020150507612398654684

/

མ་དག་ཕུང་ལྔའི་མཚན་མ་རང་སངས་ཞིང་།།

ཡེ་ལྔ་སྐུ་ལྔའི་མངའ་བདག་བླ་མ་ལྷར།།

དུག་ལྔ་ཕུང་ལྔའི་ལས་སྒྲིབ་སངས་ཕྱིར་དུ།།

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

/

……..འདིར་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་བ་ལ་སོགས་སྔོན་དུ་སོང་རྗེས་སྐབས་སུ་གླེང་རྒྱུ་ནི། སྤྱིར་སོ་སོ་སྐྱེ་བོ་མ་དག་སེམས་ཅན་གྱི་ལས་སྤྱོད་ནི་ཤས་ཆེར་ལུང་མ་བསྟན་དུ་སོང་བ་མང་ལ། ལྷག་པར་དུ་ལྷ་མི་ནི་དེ་བས་ལུང་མ་བསྟན་དུ་སོང་བ་མང་། དེས་རྐྱེན་པས་ཡོངས་རྩེ་ལས། མི་ལུས་ལྡན་པ་མཐོང་ཙམ་ན། དལ་འབྱོར་ལྡན་པ་སྲིད་པ་ཙམ། ད ལ་འབྱོར་ལྡན་པ་མཐོང་ཙམ་ན། དགེ་བ་སྒྲུབ་པ་སྲིད་པ་ཙམ། དགེ་བ་སྒྲུབ་པ་མཐོང་ཙམ་ན། དགེ་བ་མཐར་ཕྱིན་སྲིད་པ་ཙམ། ཞེས་པ་བཞིན་དུ་རང་རེའི་མི་ཚེ་ནི་ཁྲོག་བརླག་སོང་ཟིན་པ་གྲངས་མང་ཡིན་ལ། འགྲོ་བཞིན་པ་གྲངས་མང་། མ་འོངས་པ་ཡང་འགྲོ་རྒྱུ་རེད། བླ་མ་དཀོན་མཆོག་མཁྱེན།

དེ་ལྟའི་ཐ་མལ་གྱི་ལུང་མ་བསྟན་གྱི་ལས་སྤྱོད་ཟ་ཉལ་འགྲོ་འདུག་ཚུན་ཆད་དགེ་ཚོགས་སུ་བསྲེ་བའི་ཐབས་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལས་ཟབ་མོའི་ལྟ་སྤྱོད་སྒོམ་གསུམ་སྤྱོད་ལམ་ཀུན་ཏུ་ཉམས་སུ་ལེན་དགོས་པར་གསུངས། ལྷག་པར་དུ་རང་ལ་ཡོད་པའི་ཟས་ནོར་དང་། གསོན་གཤིན་གང་ཡིན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་དང་རིགས་དྲུག་སེམས་ཅན་ཐམས་ཅད་ལ་མཆོད་སྦྱིན་གཏོང་ཚུལ་ཟབ་ཅིང་རྒྱས་པར་གསུངས་པ་འདིས། རང་རེ་ཀུན་ལ་བག་མེད་ལུང་མ་བསྟན་གྱི་ལས་སྤྱོད་དང་མ་དག་སོ་སོའི་སྐྱེ་བོའི་སྡིག་པའི་ལས་སྤྱོད་བཀག་ནས། ཆུ་ཐིགས་པ་ཙམ་ཡན་ཆད་ལྟ་སྤྱོད་བརླབས་པོ་ཆེས་ཟིན་པའི་སྒོ་ནས་མཆོད་སྦྱིན་གྱི་ཚིག་བཤད་དང་སྦྲགས་ཏེ་བྱུང་གདབ་བྱས་ནས་རྒྱུ་བསོད་ནམས་ཀྱི་ཚོགས་བསག་དགོས་ཚུལ་སྒོ་མ་འགག་པར་བསྟན་ཡོད། དེ་ལྟའི་མཆོད་སྦྱིན་བྱེད་ཚུལ་དཔག་མེད་ཡོད་པའི་ནང་ནས་འདིར་རྣམ་ལྔའི་མཆོད་པ་འབུལ་ཚུལ་རགས་རིམ་ཙམ་ཞིག་བྲི་ཁུལ་ཡིན་པས་ལུང་རིག་དང་འགལ་བའི་སྙོག་གཏམ་མཆིས་ཡོད་ངེས་པས་མཁྱེན་ལྡན་རྣམས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་བཀའ་ཆབ་བདུད་རྩི་ཟེགས་མ་བསྩོལ་བའི་སྨོན་འདུན་དང་བཅས།

༡༽མར་མེའི་མཆོད་པ་འབུལ་ཚུལ་ཤེས་ན་ཞེ་སྡང་སྒྲིབ་པ་བྱང་བའི་ཚུལ་ནི།

IMG_4847

ཞེ་སྡང་གིས་ཞེ་སྡང་སྐྱེ་ཡུལ་གྱུར་པའི་གང་ཟག་དེ་ནི་ལས་དང་ཉོན་མོངས་ཀྱིས་མནར་བའི་གང་ཟག་ཡིན་པ་དང་། དེས་གནས་ལུགས་མ་རྟོགས་ནས་རང་དབང་མེད་པར་འཁོར་བར་འཁྱམས་པ་ཡིན་པས་སྙིང་རྗེ་སྐྱེ་ཡུལ་དང་བྱམས་པ་བསྒོམ་ཡུལ་ཡིན་པ་མི་མཐོང་མི་གསལ་བའི་ཁར། ཧ་ཅང་དེ་ལ་ཡིད་དུ་མི་འོང་པར་ཞེན་ནས་རང་རྒྱུད་ཀྱི་ལུས་ངག་ཡིད་གསུམ་དཀྲུག་པར་བྱེད་པ་མ་ཟད་གཞན་སྲོག་གཅོད་པར་འདོད་པའི་སེམས་བྱུང་ཉོན་མོངས་ཅན་དང་། ཧ་ཅང་གི་བདག་འཛིན་རགས་པ་ཅན་སོགས་འབྱུང་བར་འགྱུར། མ་ཚད་ཞེ་སྡང་ཆེ་བའི་གང་ཟག་གིས་སེམས་ཅན་ཕལ་ཆེ་བ་ཡིད་དུ་མི་འོང་པར་མཐོང་བས་སེམས་ལ་བྱམས་པ་དང་སྙིང་རྗེ་སྐྱེ་བའི་གོ་སྐབས་སམ་ས་མིག་མེད་པར་བྱེད་ཅིང་དམྱལ་བའི་གནས་སུ་རང་དབང་མེད་པར་འགྲོ་བར་བྱེད་པའི་ཀུན་སློང་ངན་པ་སྐྱེ། དེ་ལྟའི་ཞེ་སྡང་གི་སྒྲིབ་པ་བྱང་བར་འདོད་པའི་གང་ཟག་གིས་རྒྱུ་མར་མེའི་མཆོད་པ་ཕུལ་ན་གང་ཟག་གིས་ཀུན་སློང་ནི་འདི་ལྟར་འཛིན་དགོས་པར་སེམས་ཏེ། གོང་དུ་བཤད་པ་ལྟར་གྱི་ཞེ་སྡང་དང་། དེའི་དབང་གིས་ལས་ངན་སྔར་ཚེ་རབས་ཐོག་མ་མེད་པ་ནས་བསགས་པ་དང་། གསོག་བཞིན་པ། བསག་དགོས་བསམ་པའི་ཀུན་སློང་ངན་པའི་ལས་སྒྲིབ་བྱང་བའི་ཕྱིར་དུ། དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་བསམ་གྱིས་མི་ཁྱབ་པ་མདུན་དུ་དམིགས་ཏེ་། དེ་དག་གི་སྤྱན་ལམ་དུ་བདག་གིས་མར་མེའི་མཆོད་པ་འདི་འབུལ་བ་ཡིན་པས། མར་མེའི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། རང་རྒྱུད་ལ་ཞེ་སྡང་ལས་ཀྱིས་བསགས་པའི་སྒྲིབ་པ་ཀུན་བྱང་ཞིང་དག་སྟེ། སེམས་ལ་སྡང་པའི་དགྲ་དང་གནོད་པའི་བགེགས་གཙོས་བྱས་པའི་རང་གཞན་སེམས་ཅན་ཐམས་ཅད་གཙོ་བོ་ཞེ་སྡང་དབང་གིས་འཁོར་བར་འཁྱམས་མཁན་རྣམས་ལ་སྙིང་རྗེ་སྐྱེད་ཡུལ་དང་བྱམས་པ་བསྒོམ་ཡུལ་ཡིན་པར་ཤེས་ཤིང་རྟོགས་ཏེ། དེ་དག་གི་ཆེད་དུ་རང་གིས་ད་ལྟའམ་ཚེ་རབས་རྗེས་མ་ནས་མྱུར་དུ་འདུས་བྱས་མར་མེའི་མཆོད་པ་འདི་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་དང་། དེའི་དབང་གིས་བྱམས་པ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་སྤྱན་ལྔ་མངོན་ཤེས་ལྡན་པའི་རྫོགས་པའི་སངས་རྒྱས་ཐོབ་སྟེ་གཞན་འགྲོ་བ་རྣམས་ལ་བྱམས་དང་སྙིང་རྗེས་བསྐྱབས་ཤིང་བསྐྱངས་ཏེ་སེམས་ཅན་རྒྱུད་ཀྱི་བདག་འཛིན་མ་རིག་དང་ཞེ་སྡང་གི་མུན་པ་སེལ་ནུས་པར་ཤོག་བསམ་པའི་ཁ་ཞེ་གཉིས་མེད་ཀྱི་སྨོན་འདུན་དྲག་པོའི་ཀུན་སློང་གིས་ཟིན་པའི་སྒོ་ནས་མར་མེའི་མཆོད་པ་འབུལ་དགོས་པ་ཡིན་ནོ།། དེ་ལྟར་མར་མེ་ཕུལ་བའི་ཕན་ཡོན་ནམ་འབྲས་བུ་ནི། འབུལ་མཁན་དེ་ལམ་པ་ཡིན་ན་མྱུར་དུ་ཞེ་སྡང་གི་སྒྲིབ་པ་བྱང་བ་དང་། ལམ་པ་མ་ཡིན་ན་ཡང་ཞེ་སྡང་གི་སྒྲིབ་པ་བྱང་བའི་རྒྱུ་ལ་ཐག་ཉེ་རུ་འགྲོ་བར་ངེས། ཡང་ན་དཔེ་མར་མེ་ལ་བསྟེན་ནས་གནས་ལུགས་ངོ་སྤྲད། དེ་ལ་བརྟེན་ནས་གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་ན་གཙོ་བོ་བདག་འཛིན་མ་རིག་པ་དང་ཞེ་སྡང་གི་གཉེན་པོ་དངོས་སུ་རྒྱུད་ལ་སྐྱེས་པ་ཡིན་པས་མར་མེ་ལ་བརྟེན་ནས་ཞེ་སྡང་གི་སྒྲིབ་པ་མྱུར་དུ་བྱང་བའི་རྟེན་འབྲེལ་ཡོད་པས་ན། མར་མེ་རྒྱལ་མཚན་ལས། ལར་ཡང་མཆོད་པའི་བྱེ་བྲག་བསོད་ནམས་ཆེ། དེ་ཡི་ནང་ནས་མར་མེ་བསོད་ནམས་ཆེ། ཁམས་གསུམ་འཁོར་བའི་མུན་པ་སངས་པ་དང་། རང་རིག་ཡེ་ཤེས་སྒྲིབ་མེད་འཆར་བར་འགྱུར། ལས་ངན་སྡིག་སྒྲིབ་དཔག་མེད་འབྱང་བར་འགྱུར། ཞེས་གསུངས་སོ། ཀུན་སློང་དེ་ལྟར་ཟིན་ན་ཚིག་བཤད་བཏོན་ཀྱང་ཆོག་ལ། མ་བཏོན་ན་ཆོག་སྙམ། དེ་ལྟར་མ་བྱུང་ན་ཡང་། ཞེ་སྡང་ལས་ཀྱི་འཕྲོ་འདུ་དབང་བཙན་ནས། དམྱལ་བ་ཚ་གྲང་གནས་སུ་སྐྱེ་སྲིད་ན།། མར་མེ་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། མར་ཁུའི་རྒྱུན་གྱིས་ཚ་བའི་དམྱལ་བ་བསིལ།། སྡོང་བུའི་འོད་ཀྱིས་གྲང་བའི་དམྱལ་བ་དྲོས།། མེ་ལྕེ་སྒྲོན་མས་འཁོར་བའི་མུན་པ་བཅོམས།། ཞེས་གསུངས་པ་ལྟར་གྱི་ཀུན་སློང་ཟབ་མོས་ཟིན་ན་དམྱལ་བར་སྐྱེས་ན་སྡུག་བསྔལ་ཆུང་བ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་རྣམ་ལྔ་ལས་གསུངསས་སོ།།

༢༽ཡོན་ཆབ་མཆོད་པ་འབུལ་ཚུལ་ཤེས་ན་གཏི་མུག་གི་སྒྲིབ་པ་བྱང་བའི་ཚུལ་ནི།

IMG_4848

ཡོན་ཆབ་དང་གཏི་མུག་སྦྱར་དགོས་པའི་རྒྱུ་མཚན་ནི། སྤྱིར་ཆུ་ཡིས་ལུས་ཁམས་ཉོབ་པ་དང་སེམས་ཀྱི་བྱིང་རྨུག་སོགས་སེལ་ནུས་ཤིང་། དེ་བཞིན་ཕྱི་ཡི་འབྱུང་བ་ཆུ་ཡི་རྐྱེན་དང་། ནང་གི་འབྱུང་བ་ཆུ་ཡི་རྐྱེན་སུ་ཡིན་ནའང་། ཆ་སྙོམས་ཚད་ལྡན་ཁམས་མཐུན་པའམ་ལས་སུ་རུང་བའི་རྐྱེན་དང་འཕྲད་ཚེ་ཤེས་པ་དྭངས་ཤིང་གཙང་བ་འབྱུང་བ་ཡིན་པས་སྐབས་འདིར་རྒྱལ་བའི་བཀའ་ལུང་ལྟར་ཐོས་བསམ་སྒོམ་གསུམ་ལ་འཇུག་ན་བྱིང་རྨུག་འཐིབ་པ་མི་འབྱུང་བ་དང་། ལྷག་པར་དུ་ཐོས་བསམ་སྒོམ་གསུམ་ལ་འཇུག་སྐབས་དབང་པོའི་སྒོ་དང་ལུས་སོགས་ལ་ཆུ་ཡིས་རྒྱས་གདབ་ན་བྱིང་རྨུག་སོགས་མི་འབྱུང་བས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསལ་བ་དང་། ལྷག་པར་དུ་ལྟ་སྒོམ་ཉམས་ལེན་གསལ་བར་བྱུང་ན་ཡེ་ཤེས་རང་བཞིན་ཤུགས་ལ་གསལ་བར་ཡོང་བས་དེའི་ལྡོག་ཕྱོགས་གཏི་མུག་རིམ་བཞིན་མེད་པར་འབྱུང་བ་འདི་ནི་ང་ཚོ་ཁམས་དྲུག་ལྡན་མི་ལ་མཚོན་ན་ཆུ་ལས་སུ་རུང་མིན་དང་ཆུ་ལ་རགས་ལས་འདུག་པས་སོ། སྒོམ་ཉམས་ལེན་གྱི་རྩལ་རྫོགས་ན་ཆུ་ལ་མི་བྱིང་བ་དང་། ཆུ་ཡིས་མི་གནོད་པ་སོགས་འབྱུང་བ་དང་། མཐར་ཆུ་ལ་བརྟེན་ནས་ཡེ་ཤེས་ཆེན་པོའི་རྩལ་རྫོགས་ཤིང་སངས་རྒྱས་ནས་འགྲོ་ལ་སྐོམ་གྱི་སྦྱིན་པ་གཏོང་བ་དང་། གསོ་འཆིའི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་བྱང་བ་དང་། བྱོལ་སོང་གི་སྡུག་བསྔལ་ལས་ཐར་ནས་སངས་རྒྱས་པ་སོགས་འབྱུང་བ་ཡིན་ནོ།། ལྷག་པར་དུ་ཆུ་གཏོར་ལྟར་དུ་ཆུ་གཙང་སྨན་སྤོས་བསྲེས་པའི་ནང་དུ་གཏོར་རིལ་བླུག་ནས་མགྲོན་བཞི་ལ་མཆོད་སྦྱིན་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས་ན་གཤེན་གྱི་མཆོད་གཏོར་ལས། རྒྱུ་ཆུང་ལ་འབྲས་བུ་ཆེ་བ་གཤེན་གྱི་མཆོད་གཏོར་ཞེས་སོ། ཀུན་སློང་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་རྒྱུ་གཏི་མུག་དབང་གིས་བྱོལ་སོང་གནས་སུ་གྲངས་མེད་ལུས་བླངས་པ་དང་། མ་འོངས་པར་ལུས་ལེན་རྒྱུར་གྱུར་པའི་སྒྲིབ་པ་བྱང་བའི་སླད་དུ། བདག་གིས་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཡོན་ཆབ་གྱི་མཆོད་པ་འདི་འབུལ་བ་ཡིན་པས་བླ་མ་བདེ་བར་གཤེགས་པའི་ཐུགས་རྗེ་དང་བྱིན་བརླབས་ཀྱིས་རང་གཞན་གྱི་རྒྱུད་ལ་ཡོད་པའི་གཏི་མུག་དང་དེའི་ལས་སྒྲིབ་བྱང་བར་མཛད་དུ་གསོལ། བདག་གིས་ཀྱང་ཐོས་བསམ་རྣམ་པར་དག་པ་ལ་བརྟེན་ནས་གཏི་མུག་གི་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་སངས་རྒྱས་ཏེ་འགྲོ་བ་རྣམས་ལ་རྩི་དང་སྨན་གྱི་སྦྱིན་པ་གཏོང་བ་དང་། བོན་གྱི་སྦྱིན་པས་འགྲོ་བའི་ཤེས་རྒྱུད་བཀྲོལ་བ་ལ་སོགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་བར་ཤོག་བསམ་པས་ཀུན་ནས་བསླངས་ཏེ་འཇུག་གོ། ལམ་པ་ཡིན་ན་ཡེ་ཤེས་གསལ་གདབ། དེ་མིན་ན་སྨོན་འདུན་འདི་ལྟར་བཟུང་ན་ལམ་ལ་ཁ་ཐག་ཉེ་རུ་འགྲོ། མ་མཐའ་ཡང་རྩི་སྨན་ཡོན་ཆབ་མཆོད་པ་ཕུལ་བའི་ཡོན་ཏན་གྱིས་ལས་སྒྲིབ་བྱང་བར་མ་ནུས་པར་བྱོལ་སོང་གནས་སུ་སྐྱེས་ན་ཡང་། བྱོལ་སོང་གཞན་དང་མི་འདྲ་བར་དྲན་ཤེས་གསལ་པོ་ཡོད་པའི་བྱོལ་སོང་རིག་པ་ཅན་དང་། རང་དང་རིགས་གཞན་པ་མི་སོགས་ལ་བདེ་སྡུག་གང་བྱུང་གཞན་མི་ལས་སོགས་ལ་མི་སྐད་སོགས་ལས་སྨྲ་ནུས་པའི་བྱོལ་སོང་གི་ལུས་སུ་སྐྱེ་གསུངས་པ་བཞིན་དུ་ཕན་ཡོན་བླ་མེད་ཡོད་པར་མངོན་ནོ། རྒྱས་ན་གཤེན་གྱི་མཆོད་གཏོར་ལྟར་དུ་དམིགས་པ་བཟུང་ན་འཐུས་པར་སྙམ་མོ།།

༣༽སྤོས་མེའི་མཆོད་པ་འབུལ་ཚུལ་ཤེས་ན་འདོད་ཆགས་ཀྱི་སྒྲིབ་པ་བྱང་བའི་ཚུལ་ནི།

IMG_4849

སྤོས་ནི་དྲི་བཟང་ལྡན་པའི་རྩི་ཤིང་ལས་གྲུབ་པ་ཡིན་ཞིང་། དེ་བསྲེགས་པའི་དུད་པ་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་སོགས་ཡུལ་ཁྱད་པར་ཅན་ལ་དྲི་ཡི་མཆོད་པ་ཆགས་མེད་ཞེན་མེད་ངང་ནས་ཕུལ་ན། འདོད་ཆགས་དང་། དེའི་དབང་གིས་བསགས་པའི་ལས་སྒྲིབ་བྱང་བ་ཡིན་ནོ། དྲི་དང་འདོད་ཆགས་སྦྱར་དགོས་པའི་རྒྱུ་མཚན་ཡང་། འདོད་ཆགས་ཧ་ཅང་རགས་པའི་གང་ཟག་ནི། སེམས་ལ་འདོད་ཡོན་སྐོམ་པ་ཆུས་གདུང་བ་ལྟ་བུར་འདོད་པ་ཡིན། དེའི་དབང་གིས་བྱུང་བའི་ལས་སྤྱོད་ཀྱིས་ཡི་དྭགས་སུ་སྐྱེ་བ་ཡིན་ཞིང་། ཡི་དྭགས་ནི་དྲི་གསུར་བསྔོས་ན་ཚིམ་པ་ཡིན་པས། དེ་ལས་ལྡོག་པ་འདོད་ཆགས་ཀྱི་སྒྲིབ་པ་བྲལ་བའི་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་ཡུལ་ཁྱད་པར་ཅན་ལ་དྲི་ཡི་འདོད་པ་མེད་ཀྱང་རང་རྒྱུད་ཀྱི་འདོད་ཆགས་ཀྱི་སྒྲིབ་པ་བྱང་བ་དང་སྦྱིན་པའི་ཚོགས་རྫོགས་ཕྱིར་དུ་དྲི་ཡི་མཆོད་པ་འབུལ་དགོས་པ་ཡིན་ནོ། མཆོད་པ་ཕུལ་བའི་ཕན་ཡོན་ནི་གཡུང་དྲུང་བོན་ལ་སྤྱོད་པའི་སྐལ་པ་དང་ལྡན་པ་དང་། བདེར་གཤེགས་མེ་ལྷ་དང་བྱེ་བྲག་དངོས་མེད་ཀྱི་ཞལ་མཐོང་བ་དང་། དྲི་མི་ཞིམ་པ་ལས་ཐར་ནས། དྲི་ཞིམ་པོ་ཐོབ་པ་སོགས་མཆོད་པའི་ཕན་ཡོན་དཔག་ཏུ་མེད་པ་གདུང་སྲེག་ལས་གསུངས་སོ།། སྦྱིན་པའི་ཕན་ཡོན་ནི། དམིགས་གཞི་སྤོས་དྲི་དང་བཟང་ཤིང་གི་དྲི་གསུར་སོགས་འདོད་ཡོན་ཕུན་སུམ་ཚོགས་པ་སྔགས་དང་ཏིང་འཛིན་ཚིགས་བཤད་ཀྱིས་བྱིན་གྱིས་བརླབས་ཏེ་ཡར་སྲི་ཞུའི་མགྲོན་དང་། མར་བར་དོར་འཁྱམས་པའི་སེམས་ཅན་དང་། ལྷག་པར་ཡི་དྭགས་ཀྱི་ངོ་བོར་གྱུར་པའི་དྲི་ཟ་སོགས་ལ་བསྔོས་ན་འདོད་པ་ནང་བཞིན་ཐོབ་པར་གསུངས་ཡོད། དེ་ལྟའི་ཕན་ཡོན་དཔག་མེད་ཐོབ་པ་ལ། རྒྱུ་སྤོས་ལ་བརྟེན་ནས་ཀུན་སློང་ནི། རང་གཞན་སེམས་ཅན་ཀུན་གྱིས་དུས་གསུམ་ལ་འདོད་ཆགས་དང་དེའི་དབང་གིས་བསགས་པའི་ལས་སྤྱོད་ངན་པ་བྱང་བའི་ཕྱིར་དུ། ཆགས་མེད་ཞེན་མེད་ཀྱི་ངང་ནས་སྤོས་མཆོད་འདི་དུས་གསུམ་ཀྱི་བླ་མ་དང་བདེར་གཤེགས་སེམས་དཔའ་ཡུལ་ཁྱད་པར་ཅན་ལ་འབུལ་བ་ཡིན་པས། ནམ་ཞིག་གམ་མྱུར་དུ་འདོད་ཆགས་དང་སེར་སྣའི་གཉེན་པོ་སྦྱིན་པ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་ལུས་དང་སྲོག་ལ་མི་ཆགས་ཤིང་། སྦྱིན་པ་གཏོང་ནུས་པ་དང་། སྦྱིན་པའི་ཚོགས་རྫོགས་ནས་སོ་སོར་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་འགྲོ་བ་རྣམས་ལ་གང་འདོད་དུ་སྤྲུལ་ཅིང་སྦྱིན་ནུས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་ཐོབ་པར་གྱུར་ཅིག  དེ་ལྟར་མ་གྱུར་ནའང། མདོ་ལས། འདོད་ཆགས་ལས་ཀྱི་འཕྲོ་འདུ་དབང་བཙན་ནས། ཡི་དྭགས་བཀྲེས་སྐོམ་གནས་སུ་སྐྱེ་སྲིད་ན།། སྤོས་དྲི་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། སྦྱར་སྤོས་དཔུང་གིས་ཡི་དྭགས་བཀྲེས་པ་ཚིམ།། དྲི་མཆོག་ཞིམ་པས་ཡི་དྭགས་སྐོམ་པ་ངོམ།། མེ་མདངས་འོད་ཀྱིས་མ་རིག་མུན་པ་སེལ།། དུད་པ་རྒྱུན་གྱི་དབྱིངས་སུ་ཤུལ་དྲོངས་ལ།། ཞེས་པ་ལྟར་དྲི་ཡི་མཆོད་པ་ཕུལ་བའི་སྟོབས་ཀྱིས་སངས་རྒྱས་མ་ནུས་ནའང་། མ་མཐའ་ཡི་དྭགས་སུ་སྐྱེས་ན་ཆེན་པོ་མི་ལྟོགས་པ་དང་མི་སྐོམ་པ་ཞིག་ཡོང་བར་ཤོག་བསམ་པའི་སྨོན་འདུན་བཟང་པོས་སྣེ་དྲངས་ཤིང་ཚིག་བཤད་དང་སྦྲགས་ཏེ་སྤོས་མཆོད་ཕུལ་ན། འདོད་ཆགས་སྤང་པའི་རྒྱུ་ལ་ཐག་ཉེ་རུ་འགྲོ་བ་དང་། སྤོས་སྨན་ཡིན་པས་ནད་མེད་བདེ་ཐང་གི་ལུས་སུ་སྐྱེ་བ་དང་། རབ་ལམ་པ་ཡིན་ན་མྱུར་དུ་སངས་རྒྱས་ཏེ་གོང་གི་ཀུན་སློང་བཞིན་དུ་འདོད་ཆགས་ཀྱི་གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་བདེར་གཤེགས་མེ་ལྷ་དང་པདྨ་རིགས་ཀྱི་ཞིང་ཁམས་དང་ཡོན་ཏན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་ནས་སྨན་གྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་བར་འགྱུར་བ་ཡིན་པས་ན་སྤོས་མཆོད་ཀྱིས་འདོད་སྒྲིབ་བྱང་བར་འཐད་པ་ཡིན་ནོ། དེ་བཞིན་བསང་གསུར་སྤོས་མཆོད་གང་ཕུལ་ན། སྤོས་ཕོར་རམ་མེ་ཐབ་གང་ཡིན་མེ་ལྷའི་བསྐྱེད་རིམ་བཞིན་མེ་ལྷའི་གཞལ་ཡས་བསྐྱེད། དབུས་སུ་མེ་ལྷ་བསྐྱེད། ཕྱོགས་བཞིར་ཞི་རྒྱས་དབང་དྲག་བླ་མ་རིག་འཛིན་མཁའགྲོ་བོན་སྐྱོང་། འོག་ཏུ་འགྲོ་བ་རིགས་དྲུག་གི་སེམས་ཅན་དང་ལན་ཆགས་བུ་ལོན་གྱི་བདག་པོ་བསམ་གྱིས་མི་ཁྱབ་པ་དམིགས། དེ་དག་གི་མདུན་དུ་བསང་སྤོས་གསུར་རྫས་ནི་ཕྱི་ལྟར་ན་གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར། ནང་ལྟར་ན་མཆོད་འབུལ་གྱི་ལྷ་མོ། གསང་བ་ལྟར་ན་ཡེ་ཤེས་ཀྱི་༼ཞི་བ་བྱམས་པ་ཡངས་པ་སོགས༽མཆོད་པ་སོགས་མཆོད་སྦྱིན་རྫས་ནམ་མཁའ་གང་བར་དམིགས་ནས་མཆོད་ཅིང་སྦྱིན་ན། ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཡིད་ཀྱིས་ཚིམས་ཞེས་སོ།།

༤༽ཞལ་ཟས་མཆོད་པ་འབུལ་ཚུལ་ཤེས་ནས་འཕྲག་དོག་སྒྲིབ་པ་བྱང་བའི་ཚུལ་ནི།

IMG_4850

འཕྲག་དོགས་དང་ཞལ་ཟས་སྦྱར་དགོས་པའི་རྒྱུ་མཚན་ནི། འཕྲག་དོག་ནི་གཙོ་བོ་གཞན་གྱི་ཡོན་ཏན་དང་ལོངས་སྤྱོད་སོགས་ལ་དམིགས་ནས་གཞན་གོང་ལ་ཤོར་དོགས་ཀྱི་བློ་གུ་དོག་པོ་ཞིག་ཡིན་ཞིང་། དེའི་དབང་གིས་རུ་ང་དང་། ཁྱད་གསོད་དང་དགེ་བའི་ལས་སོགས་ཀྱིས་མི་རུ་སྐྱེ་བར་གསུངས། སྤྱིར་འདི་སྦྱར་ཚུལ་དཀའ་བར་འདུག ཡིན་ཡང་བསམ་ཚུལ་ཙམ་གྱིས་སྦྱར་ན། ཞལ་ཟས་མཁོ་སྒྲུབ་དགོས་པ་ནི་འཛམ་བུ་གླིང་གི་མི་ཡིན་ཞིང་། དེ་དག་ཟད་ཅིང་སྟོར་བའི་སྡུག་བསྔལ་དང་། གཞན་གྱིས་འཕྲོག་དོགས་ཀྱི་སྡུག་བསྔལ་དང་། ཡུལ་ལ་ཡོད་པ་དེ་ཡང་གཞན་ལ་འཕྲོག་པའམ་ཐོབ་དོགས་ཀྱི་སྡུག་བསྔལ་སོགས་ཡོད་པས། དེ་ལྟའི་ཟད་དོགས་དང་འཕྲོག་དོགས་སྤང་སླད་དང་། ལྷག་པར་དུ་ཕྲག་དོག་དབང་གིས་དུས་གསུམ་དུ་བསགས་པའི་ལས་སྒྲིབ་བྱང་སླད་དུ། དབལ་གསས་ལས་ཡེ་ཤེས་ཁྲོ་ཚོགས་ཁྱེད་ལ་སྦྲིབས་སྐྱེམས་མི་མངའ་ཡང་། བདག་ཅག་དད་པའི་སྟོབས་ཀྱིས་འབུལ་བ་ནི་ཞེས་པ་ལྟར་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་གཞུང་ནས་གསལ་བ་བཞིན་གཏོར་སྣོད་གུ་དོག་གི་རྣམ་པ་མ་ཡིན་པ་སྟོང་གསུམ་བས་རྒྱ་ཆེ་བ། དེ་ཡི་ནང་དུ་གཏོར་མའམ་ཞལ་ཟས་ནི་འདོད་པའི་ལོངས་སྤྱོད་མ་ཚང་བ་དང་མ་འཚོགས་པ་མེད་པ་དེ་དག་མཆོད་འབུལ་གྱི་ལྷ་མོ་གྲངས་མེད་པས་བསྣམས་ནས་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕུལ་བས། ཐུགས་བརྩེ་བ་ཆེན་པོས་བཞེས་ཏེ་བདག་སོགས་སེམས་ཅན་ཐམས་ཅད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་ཉོན་མོངས་ཕྲག་དོག་གི་སྒྲིབ་པ་ཀུན་བྱང་ཞིང་དག་ཏེ། ཡངས་པ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ་བསམ་པའི་ཀུན་སློང་གིས་ཟིན་པའི་སྒོ་ནས་ཞལ་ཟས་ཀྱི་མཆོད་པ་ཕུལ་ན་རབ་ཕྲག་དོག་གི་གཉེན་པོ་སེམས་གུ་ཡངས་པའི་ཡེ་ཤེས་རྒྱུད་ལ་སྐྱེ། ཡང་ན་ཚེ་འདིར་དཀའ་སྤྱད་བརྩོན་འགྲུས་ཀྱི་སྒོ་ནས་ཕྲག་དོག་སྤང་པའི་ལམ་སྒོར་ཞུགས་ཐུབ། ཡང་ན་མདོ་ལས་གསུངས་ལྟར། ཕྲག་དོག་ལས་ཀྱི་འཕྲོ་འདུའི་དབང་བཙན་ནས། མཐའ་འཁོབ་མི་ཡི་གནས་སུ་སྐྱེ་སྲིད་ན། ཞལ་ཟས་མཆོད་པ་ཕུལ་བའི་ཡོན་ཏན་གྱིས། འབྲུ་གཙང་ཆུ་བོས་བསྡུས་པས་མི་ཡི་འདོད་པ་ཚིམ། རྩི་བཅུད་མར་གྱིས་བརྐུས་པས་མཐའ་འཁོབ་ནད་རྣམས་སེལ། དྲི་གདའི་ཀློང་གིས་འཕོ་འགྱུར་སྡུག་བསྔལ་བདེ། རྭ་ཡི་དབལ་སོས་དབྱིངས་སུ་ཤུལ་དྲོངས་ལ། ཞེས་པ་ལྟར་དུ་འབྱུང་བས་མ་ཚད་མཐའ་འཁོབ་མི་ཡི་ནད་དང་ན་ཚ་མེད་པའི་མི་ཡི་ལུས་སུ་སྐྱེ། བཀྲེས་ལྟོགས་ཀྱི་སྡུག་བསྔལ་མི་འབྱུང་ཞིང་ཟས་ནོར་ཕུན་ཚོགས་དང་ལྡན་པའི་མི་ཡི་ལུས་སུ་སྐྱེ་བའོ།། སྤྱིར་མཆོད་པ་འདི་དག་མེད་ན་ཡང་སྒྲིབ་པ་སྤང་ཐབས་དང་ཡེ་ཤེས་སྐྱེ་ཐབས་མེད་པ་ནི་མ་ཡིན་ནོ།།

༥༽མེ་ཏོག་མཆོད་པ་འབུལ་ཚུལ་ཤེས་ན་ང་རྒྱལ་སྒྲིབ་པ་བྱང་བའི་ཚུལ་ནི།

IMG_4851

མེ་ཏོག་དང་ང་རྒྱལ་སྦྱར་དགོས་པའི་རྒྱུ་མཚན་ནི། ང་རྒྱལ་ནི་རང་ལ་ཡོད་པའི་ཡོན་ཏན་ཕྲན་བུ་ཞིག་ལ་དམིགས་ནས་ངའོ་སྙམས་པའི་ཁེངས་སེམས་ཡིན་ཞིང་། དེ་ལྟའི་ང་རྒྱལ་དེ་རྒྱུད་ལ་ཡོད་ན། དེས་རྐྱེན་པས་གཞན་གྱི་རྣ་བར་གཟན་པའི་ཚིག་རྩུབ་མོ་སྨྲ་བ་དང་། གཞན་གྱི་མིག་ལམ་ལ་མི་མཛེས་པའི་སྤྱོད་ཚུལ་ངན་པ་འབྱུང་བ་ཡིན་ནོ། ང་རྒྱལ་ཆུང་བའམ། ང་རྒྱལ་གྱི་གཉེན་པོ་ཞི་བ་ཆེན་པོ་རྒྱུད་ལ་ལྡན་པའི་གང་ཟག་གི་ལུས་ངག་གི་སྤྱོད་ལམ་ང་རྒྱལ་གྱི་དབང་དུ་མི་འགྲོ་བས་ལུས་ཀྱི་སྤྱོད་ལམ་ཞི་བ་དང་མཛེས་པོ་ཡོང་ལ། ངག་གི་ཚིག་ཀྱང་གཞན་ཁྱད་གསོད་དང་བརྙས་ཚིག་མི་འོང་ཞིང་ཚིག་ཞི་བ་ཡོང་བས་ན་འདུལ་བ་ལས། ཚིག་ཞི་དལ་བ་མེ་ཏོག་ཧ་ལོ་འདྲ། ཞེས་སོ།། རང་འབྱུང་ཁམས་ཀྱི་སྐྱེ་དངོས་ནང་ནས་མཛེས་ཤོས་དེ་མེ་ཏོག་ཡིན་ལ། དཔེ་དེ་བཞིན་དུ་ང་རྒྱལ་དང་ཁེངས་དྲེགས་མེད་པའི་ཡོན་ཏན་ཅན་གྱི་སྐྱེས་བུ་ནི་ཀུན་གྱི་མིག་ལམ་ལ་མེ་ཏོག་བཞིན་མཛེས་ཤིང་། གང་བཤད་གཞན་ལ་ཕན་པའི་ངག་སྙན་པོ་དང་འཇམ་པོ་ཡོང་བ་ཡིན་ནོ།། དེ་ལྟའི་ཞི་མཛེས་ཀྱི་སྤྱོད་པ་ལྡན་འདོད་ན། མཆོད་པའི་གཙོ་བོ་མེ་ཏོག་དང་མཛེས་པའི་དར་ལྷུབ་ཀྱི་མཆོད་པ་འབུལ་བ་ལ་བརྩོན་དགོས། དེ་ལྟའི་མེ་ཏོག་གི་མཆོད་པ་འབུལ་བ་ལ། ཐོག་མའི་ཀུན་སློང་ནི། རང་རྒྱུད་ལ་སྤྱོད་ལམ་མི་མཛེས་པར་བྱེད་རྐྱེན་ཚེ་རབས་ཐོག་མ་ནས་ད་ལྟའི་བར་དུ་ང་རྒྱལ་དབང་གིས་བསགས་པའི་ལས་ངན་ཡོད་ཚད་བྱང་ནས་བདེ་བར་གཤེགས་པ་ལྟ་བུའི་ང་རྒྱལ་གྱི་གཉེན་པོ་རྒྱུད་ཞི་བའི་ཡེ་ཤེས་རྒྱུད་ལ་སྐྱེ་ཕྱིར་དུ་དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་མདུན་དུ་གསལ་གདབ་ཏེ། མེ་ཏོག་གི་མཆོད་པ་འདི་ཆགས་མེད་ཞེན་མེད་ཁེང་སེམས་མེད་པའི་སྒོ་ནས་འབུལ་བ་ཡིན་པས་ཁྱེད་རྣམས་ཀྱི་ཐུགས་བརྩེ་བ་ཆེན་པོས་བཞེས་སུ་གསོལ་ལོ། དེ་ལྟར་མཆོད་པ་ཕུལ་བའི་བྱིན་བརླབས་དང་བླ་མ་བདེར་གཤེགས་ཀྱི་ཐུགས་རྗེ་དང་། རང་གི་བསམ་སྦྱོར་རྣམ་པར་དག་པའི་སྟོབས་ཀྱིས་དུས་ད་ལྟ་ཉིད་ནས་སམ་མྱུར་དུ་ཞི་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་རྫོགས་པའི་སངས་རྒྱས་སུ་ཐོབ་ནས་ལུས་ལ་མཛེས་པ་ལྷ་ཡི་རྒྱན་དང་ལྡན་པ་དང་། ཚིག་ཞི་འཇམ་ཚངས་དབྱངས་དྲུག་ཅུ། ལུས་ཞི་དུལ་གྱི་སྤྱོད་ལམ་དང་ལྡན་ཏེ་སེམས་ཅན་ཐམས་ཅད་ལ་སྨན་པའི་གང་ལ་གང་འདུལ་གྱི་བོན་སྟོན་ནུས་པ་དང་། ལུས་ལ་མཛེས་པ་ལྷ་ཡི་རྒྱན་དང་ལྡན་པ་རུ་འགྱུར་བར་ཤོག་བསམས་པས་ཀུན་ནས་བསླངས་ཏེ་མེ་ཏོག་གི་མཆོད་པ་ཕུལ་ན། ལམ་པ་ཡིན་ན་ཞི་བའི་ཡེ་ཤེས་མྱུར་དུ་རྒྱུད་ལ་སྐྱེ། འབྲིང་ལམ་ལ་ཁ་ཐག་ཉེ། ཐ་ན་མདོ་ལས། ང་རྒྱལ་ལས་ཀྱི་འཕྲོ་འདུ་དབང་བཙན་ནས།། ལྷ་མིན་འཐབ་རྩོད་གནས་སུ་སྐྱེ་སྲིད་ན།། མེ་ཏོག་མཆོད་པ་ཕུལ་བའི་ཡོན་ཏན་གྱིས།། དྲི་མ་མེད་པས་ལྷ་མིན་སྐྱོན་དང་བྲལ།། འོད་དུ་འབར་བས་ལྷ་མིན་ཁོང་ཁྲོ་ཞི།། པདྨ་རྒྱས་པས་ལྷ་མིན་མཚོན་དབལ་ཡལ།། སྦུ་གུ་དོད་པས་དབྱིངས་སུ་ཤུལ་དྲོངས་ལ།། གྲུབ་པ་གཤེན་གྱི་གནས་མཆོག་ཁྱད་པར་ཅན།། གཤེན་ལྷ་འོད་དཀར་བཞུགས་པའི་ཞིང་ཁམས་སུ།། མཆོག་ཏུ་གཟུགས་བཟང་དབང་པོ་ཀུན་ཚང་ནས།། མཛེས་པ་ལྷ་ཡི་རྒྱན་དང་ལྡན་གྱུར་ཅིག་ཞེས་གསུངས་པ་བཞིན་དུ་ནམ་ཞིག་ཏུ་སངས་རྒྱས་པའི་རྟེན་འབྲེལ་འཛོམས་པ་ཡིན་པས་ཤིན་ཏུ་གཟབ་ནན་སྒོ་ནས་འབུལ་བའོ།། འདིས་མཚོན་ཟང་ཟིང་ལོངས་སྤྱོད་ལ་བརྟེན་ནས་དགེ་བ་བསྒྲུབ་ཚུལ་གྱི་ཐབས་བསྟན་པ་འདི་བཞིན་ཇ་ཕོར་གང་ཙམ་དང་། ཟས་ཁམ་གང་ཙམ་དང་། དྲི་སྣ་ཞིམ་ཙམ་དང་། གོས་སྦྲང་གཤོག་ཙམ་དང་། མཛེས་མིག་སོས་ཙམ་ཡན་ཆད་མཆོད་སྦྱིན་གྱི་ཚོགས་སུ་རབ་རང་གིས་ཐོངས། འབྲིང་མི་གཞན་ལ་སྐུལ། ཐ་ན་མཁོ་དགུ་འདོད་དགུ་མཐོང་ཐོས་ཡོད་ཚད་སེམས་ཀྱིས་སྤྲུལ་ཞིང་མཆོད་སྦྱིན་དུ་དམིགས་ནས་འབུལ་བར་བྱའོ།། དེ་ལྟའི་བློ་ནི་བདེ་བར་གཤེགས་པས་གསུངས་པའི་གཞུང་ལས་གསལ་བའི་བོན་སྤྱོད་ཡན་ལག་བདུན་གྱི་ནང་ནས་སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་སེམས་དཔའི་སྤྱོད་པ་ལ་བློ་སྦྱོང་བྱས་པ་ཡིན་གཤིས་ཕན་ཡོན་ཤིན་ཏུ་ཆེ་བར་ངེས་པས་རྒྱལ་བའི་བཀའ་ལུང་ཟབ་མོའི་དོན་ལ་རང་གཞན་ཀུན་གྱིས་ཡིད་ཆེས་དང་ལག་ལེན་བྱེད་པར་འོས་སོ་སྙམ་མོ།། འདི་ལྟའི་ཀུན་སློང་ཡོན་མཆོད་གཉིས་ཀས་མ་ཟིན་པའི་སྒོ་ནས་མཆོད་སྦྱིན་འབུལ་ཚུལ་བྱས་ན། ལུང་ལས། མཐའ་འཁོབ་རབ་ཆད་ཕྱུག་པོ་ཤི་ཁ་འདྲ། མར་པོར་སྤུངས་ཀྱང་གཏད་སོ་མེད་པར་འགྱུར་། ཞེས་གསུངས་པ་ལྟར་འཕྲོ་བརླག་ཏུ་འགྲོ་བར་ངེས་པས། འདི་ལྟར་མ་སོང་པར་རང་གཞུང་ལས་གསལ་བ་ལྟར་གྱི་ཀུན་སློང་གིས་ཟིན་དགོས་པ་གལ་ཆེ་བར་གདའོ།།

དུག་ལྔའི་རྒྱུ་ལས་འབྱུང་ལྔའི་གཟུགས་ཕུང་གྲུབ།།

ཕུང་ལྔའི་ལས་ཀྱིས་ལམ་ལྔའི་གནས་སུ་འཁྱམས།།

སྐུ་ལྔ་ཡེ་ལྔའི་རང་ཞལ་མ་མཐོང་བའི།།

འུ་ཅག་སོ་སྐྱེའི་ཚོགས་རྣམས་སྙིང་རྗེའི་གནས།།

སྐྱེ་འཆི་བདེ་སྡུག་ལས་དབང་བཙན་པོའི་འཕྲུལ།།

འདི་ལས་སྒྲོལ་འདོད་སྐྱེས་བུ་སུ་ཡོད་ན།།

རྒྱལ་འཕགས་བླ་མ་དམ་པའི་བཀའ་ལུང་ལ།།

ཡང་ཡང་བསམ་སྒོམ་བྱེད་འདི་ཐར་པའི་དཔུང་།།

དགེ་སྡིག་གཉིས་ནི་བསམ་སྦྱོར་བཟང་ངན་སྟེ།།

དེ་ཡི་འབྲས་བུ་ལུས་སེམས་བདེ་སྡུག་ཡིན།།

བདེ་སྡུག་རྩ་བ་རང་གི་སེམས་ལགས་པ།།

རྩ་བའི་བླ་མས་ཡང་ནས་ཡང་དུ་གསུངས།།

བསམ་སྦྱོར་དག་པས་མཆོད་སྦྱིན་གཏོང་བས་ན།།

བསམ་ལས་འདས་པའི་ཕན་ཡོན་ཡོད་དོ་ཞེས།།

བསམ་སྦྱོར་དག་པས་བསྐྱར་ཟློས་བྱས་པ་འདིས།།

བསམ་དོན་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག།

རིག་པའི་ཁུ་བྱུག་གིས་མདོ་གཡུང་དྲུང་ཀློང་རྒྱས་དང་། གདུང་སྲེག མར་མེ་རྒྱལ་མཚན་སོགས་ལ་གཞི་བཅོལ་ཏེ་བྲིས།

མཚན་གཞན། གཡུང་དྲུང་མཐར་ཕྱིན། བཞུགས་གནས། བལ་ཡུལ། ༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *