གློ་བུར་དུ་ལྷུང་བའི་སྨྲེ་ངག

རྩོམ་ཡིག་འདི་ཐེངས། 843 བཀླགས་འདུག

སྲིད་པའི་སྦག་རྫབ་ཀྱི་དོ་ར།།
ཚེར་མའི་ཐང་ཆེན་དང་འདྲ་བར།།
མི་ཡི་ལུས་རྟེན་ཞིག་བླངས་ཏེ།།
ཚེ་ཚད་ཕྱེད་ཀ་རུ་ཟིན་ཡང་།།
སྐྱིད་པའི་ཉི་མ་ཞིག་མ་མཐོང་།།

དང་པོ་སྐྱེ་དུས་ཀྱི་སྡུག་བསྔལ།།
བར་དུ་རྒས་འཁོག་གི་ངལ་བ།།
མཐའ་མ་ན་ཟུག་གི་འཚོ་བ།།
བརྒྱུད་པའི་གོ་རིམ་ལ་བསམ་ན།།
ཏག་ཏག་སྡུག་བསྔལ་གྱི་འཚོ་བ།།
སྔ་ལོ་ཕྱི་ལོ་ཡི་སོ་མཚམས།།
ཞང་རྒན་ཕྱི་མ་རུ་བུད་སོང་།།
ཕོ་བོ་སྡོང་རྒན་གྱིས་བསད་པར།།
ངུ་སྐད་ཐལ་རྡུལ་གྱི་གསེབ་ཏུ།།
སྐྱིད་པའི་སྣང་བ་རང་མི་འདུག།
འགྱུར་བའི་སྡུག་བསྔལ་གྱི་སྟེང་དུ།།
ཁྱབ་པ་འདུ་བྱེད་ཀྱིས་གདུང་སྟེ།།
སྡུག་བསྔལ་སྡུག་བསྔལ་གྱི་ཡོར་གོར།།
གསོན་ན་སྐྱིད་རྒྱུ་ཞིག་མེད་ལ།།
ཤི་ན་འགྱོད་རྒྱུ་ཡང་མེད་དོ།།
གོང་གི་བླ་མ་དང་དཔོན་པོ།།
བར་གྱི་གྲྭ་བ་དང་སྐྱེ་བོ།།
འོག་གི་སྲོག་དབུགས་ཀྱིས་བསྡུས་པའི།།
འགྲོ་བའི་སྐྱེ་ཤི་ལ་བརྟགས་ན།།
འཇིགས་སྐྲག་སྣང་བ་ལས་མི་འདུག།
 ཚོགས་ཆེན་སྒྲུབ་བྱེད་ཅིག་མེད་ལ།།
དགེ་ཆུང་རང་རང་གིས་མ་བསྒྲུབས།།
འཆི་ཚེ་ཁ་སྟོང་དང་ལག་སྟོང་།།
གཅིག་པུར་འགྲོ་ཚུལ་ལ་བསམ་ཚེ།།
སྐྱིད་པའི་སྣང་བ་ཙམ་ག་ན།།
འདི་སྣང་མིག་ལམ་ལ་འཆར་ནས།།
མཐུར་མེད་སེམས་པ་རང་སྨྱོས་ཏེ།།
བསམ་བསམ་ལེགས་འགྲུབ་ཀྱི་རེ་བ།།
མི་འགྲུབ་དོགས་ཟོན་རེ་སྐྱེ་ཞོར།
མི་ཚེ་ཕྱེད་ཀ་དེ་རྫོགས་སོང་།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *