མཐོང་དུ་མེད་པའི་གྲིབ་རིས།

རྩོམ་ཡིག་འདི་ཐེངས། 453 བཀླགས་འདུག

མི་ཞིག་མྱ་ངམ་ཐང་གི་སྲས་སུ་འཁྲུངས། །
དྲན་པ་དབྱིངས་ལ་བཏེཊ་ཏེ་གཞས་ཤིག་འཐེན། །
འཇིག་རྟེན་མུན་པའི་འོག་གི་སྐར་མ་ཞིག །
སུ་ཡི་སེམས་སུ་བབས་འདུག་སྲིད་པ་ཀྱེ། །

ཉིན་དང་མཚན་མོ་མང་པོ་ཕར་ཕར་འགྲོ། །
ཚིག་དང་ཐ་སྙད་མང་པོ་བཙའ་ཡིས་ཟིན། །
ལོ་ཟླ་ཧྲིལ་བོ་འདས་རྗེས་བེམ་གཟུགས་ཤིག །
དུག་རླུང་ནག་པོས་ཟའམ་གང་དུ་སྤུར། །
ཁྱོད་ཀྱི་མདུན་དང་ལྟག་རྒྱབ་ཁྲ་ཁྲ་ཞིག །
མེ་ཏོག་ནག་པོ་གད་པའི་ཞིང་སར་གྱུར། །
མཇུག་ཏུ་བྲིས་པའི་རི་མོ་དཀར་པོ་དེར། །
རྨི་ལམ་རྫོཊ་མེད་ཅིག་གི་གཏམ་རྒྱུད་ཡོད། །
མི་རུང་དུས་ལ་ཕྱི་མིག་ལན་གཅིག་ཤོར། །
ཧ་ཅང་ཆུང་ངུའི་གསང་བ་སྤྲིན་པར་སྡེབ། །
ཤོག་དཀར་ངོས་སུ་ཕབ་པའི་ནག་ཐིག་རེ། །
མ་འོང་རྒྱང་རིང་ཡུལ་གྱི་སྐྱོ་སྣང་རེ། །
མདང་ནུབ་ང་ཡི་ལུག་ཁྱུ་རི་ལ་བྲོས། །
སྨྲ་བ་འགག་ནས་གཏམ་གྱི་གྲེ་བ་ཆད། །
རི་བོའི་གསེབ་ཀྱི་མི་ཞིག་སྡུག་གིས་མནར། །
མགོ་བོ་ནང་དུ་གུག་ནས་སྒྲུང་ཞིག་འཆད། །
འོད་དུ་བརྒྱུས་པའི་གསེར་གྱི་གླེཊ་བམ་ཞིག །
རྡོ་བ་རེ་རེའི་མིག་ཆུའི་ཐིགས་པར་གྱུར། །
སྨིག་རྒྱུའི་གྲོང་གི་མི་ཚོགས་རལ་བོ་ཞིག །
སྐྱོ་གདུང་གདོང་ལ་བབས་ནས་ངལ་དུབ་བསལ། །
དྲག་ཏུ་དགོད་པའི་ཕྱིར་མིག་མདུན་དུ་བཅུམ། །
བག་ཁུམ་རྣམ་ཤེས་ཕྲ་མོ་རྒྱང་ལ་ཕྱོགས། །
རི་ཀླུང་སྟོང་ཕྲག་བརྒལ་བའི་རྟ་མཆོག་ཅིག །
རྔོག་མ་རླུང་གིས་བསེད་ཀྱིན་གཤོག་ཟུང་སྨིན། །
སེམས་ཀྱི་ཁམས་སུ་བཞེངས་བའི་མ་ཎི་ཞིག །
རྡོ་བ་སྟོང་ཕྲག་གཅིག་གི་ཚེ་སྲོག་གྱུར། །
བདུད་རྩི་ཟམ་ཟིམ་འཇོ་བའི་ཐང་ཆེན་དེར། །
རྨི་ལམ་དཀར་པོ་ཞིག་གིས་དབྱངས་ཡིག་བཏུ། །
ངས་ནི་རྩི་ཤིང་ཞིག་གི་སྐྱེ་འཆི་སྒོམ། །
རི་བོའི་མདུན་དང་ལྟག་རྒྱབ་ཡོད་ཚད་སྒོམ། །
མཚན་མོའི་ཨུ་ཁུང་ཉུལ་ནས་ཁྱོད་ཀྱི་གཞས། །
མགྲིན་པ་དབྱིངས་ལ་བཏེགས་ཏེ་ལན་འགར་གྱེར། །
སྲོད་ཀྱི་བུ་མོ་སྒེའུ་ཁུང་ཕྱི་ན་རྩེད། །
རྐང་པ་ཡ་གཅིག་སྤྲིན་གྱི་གསེབ་ཏུ་བཅུག །
འཁྲུག་ཆ་དོད་པའི་གཏམ་རྒྱུད་རྨས་མ་ཞིག །
མྱ་ངམ་ཐང་གི་ཧམ་སེམས་དམར་པོ་ཡིན། །
ཉི་མའི་འོད་ལ་འཁྲེང་བའི་འུག་པ་ཞིག །
མུན་པའི་མཚན་ངོགས་ཉུལ་ནས་རྨི་ལམ་འཆད། །
ཡུན་རིང་བསྒུགས་པའི་སྐར་མ་འོད་ཆེན་དེ ། །
བགྲེས་པོ་ཨམ་ཚོམ་ཅན་གྱི་གཟུགས་སུ་སྤྲུལ། །
ང་ཡི་ངག་སྒོ་ཁྱོད་ཀྱི་མགྲིན་པར་བརྫས། །
གཙང་བོ་སྟོང་ཕྲག་དུ་མའི་རྒྱུན་བཞིན་བསྤྲིངས། །
ཁྱོད་ཀྱི་གཏམ་དང་མི་ཁའི་སྙན་ཚིག་རེར །  །
ས་ཆེན་འདི་ནས་སྐྱེས་ཤིང་གཡུ་རལ་རྒྱས།  །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *