༓ གངས་རིན་པོ་ཆེ།

རྩོམ་ཡིག་འདི་ཐེངས། 528 བཀླགས་འདུག

 ༼༡༽

བྱ་རྒོད་དེ།

འཕུར་སོང་།

ཉི་མ་དེ།

ནུབ་སོང།

སྲིད་པའི་གངས་རིན་པོ་ཆེ།

གནམ་ནས་ལྷུང་བའི་ཁ་བ་ཨེ་ཡིན།

ཀྱེ་ཀྱེ  ཐེངས་གཅིག་མཇལ་ན།

ངས་མུན་ནག་ལ་གླན་ནས།

ཤབ་ཤུབ་ཀྱི་སྙིང་གཏམ།

ཅི་ཙམ་ཞུ།

       ༼༡༽

གཙུག་གི་ནམ་མཁའ།

ཡོད་ཆོག་པའི་ནམ་མཁའ།

དེའི་སྟེང་གི་ཉི་ཟླ།

དེའི་འོག་གི་འཇིག་རྟེན།

མདོར་ན་ཤར་དང་ནུབ།

ཤར་ནི་གཡག་རྔ།

ནུབ་ནི་སྦལ་ཏི།

གོམ་པས་འཇལ་འདོད་ཀྱང་།

ནམ་ཞིག་ལ་འཇལ།

ཐ་ན་ལྷོ་དང་བྱང་།

ལྷོ་ནི་མོན་ཡུལ།

བྱང་ནི་ལི་ཡུལ།

སེམས་པས་འབོད་འདོད་ཀྱང་།

ནམ་ཞིག་ལ་འབོད།

    ༼༣༽

 མིག་གིས་བོར་བའི་གངས་རིན་པོ་ཆེ།

 སེམས་ཀྱིས་རྙེད་པའི་གངས་རིན་པོ་ཆེ།

 ན་ཟུག་ལྕི་བའི་རྨ་ཁ།

 ལག་པས་ཇི་ལྟར་སྙོབས་ཀྱང་།

 སྐྱེ་བ་རེ་རེ་མཆི་མར་བསྲེས་པ་ལས།

 ཁྱེད་དང་སྦྲེལ་བའི་རྣམ་ཤེས།

 ག་དུས་ཕྱིར་རུ་ལོག།

རས་ལེབ་དཀར་པོ།

ཡོལ་བ་ལས་སྟུག་ན།

ཉི་མའི་ཤར་སྐལ།

ཡང་ཕ་རོལ་ཏུ་ཡོད་དམ།

སྐྱོ་བའི་སྐད་ཆ།

མིག་བཙུམ་བཞིན་མིད་ན།

སྡུག་པའི་སྐད་ཆ།

ཡ་ཆུང་ནང་ལ་འཚང་འོང་།

    ༼༤༽

རྒྱང་རིང་ན།

རྒྱང་རིང་མ་གཏོགས་མེད་དུས།

ངས་ཁྱེད་ལ་འཕྱར་འོས་པ།

རྒྱང་རིང་གི་གངས་རིན་པོ་ཆེ་རེད།

བོས་ཀྱང་བཙལ་ཡང་།

མཐའ་མའི་སྣང་ངོར།

ཐོག་མའི་ཡར་ལུང་སིམ་མོ།

སིང་སིང་གི་གླུ།

ལིང་ལིང་གི་བྲོ།

སེམས་ཀྱིས་ལུས་བྲན་ནས།

དབུགས་ཤིག་འབྱིན་ཚུལ།

གན་ལྟར།

འདི་ལྟར།

ཡོད་པ་ཡང་ཡོད་པའི་ཚད།

མེད་པ་ཡང་མེད་པའི་རྟགས།

སེམས་ཀྱིས་རེག་བཞིན།

      ༼༥༽

ཁ་བ་རྐྱང་རྐྱང་།

གང་ནས་ཁུར་འོང་།

ལོ་ཟླ་ཁྲི་སྟོང་།

མེ་ལྕེ་ལམ་ལམ།

གང་ནས་འབར་འོང་།

སྡུག་བསྔལ་ཁྲི་འབུམ།

དྲན་པའི་འཇིག་རྟེན།

གཡུལ་ས་རུ་བོར་རམ།

རྣམ་ཤེས་ཤིག་ཤིག།

བོར་པའི་འཇིག་རྟེན།

དུར་ཁྲོད་ན་ཡོད་དམ།

ཀེང་རུས་ཐར་ཐོར།

     ༼༦༽

མི་བཟད་པའི་འཇིགས་སྣང་།

ཅེ་སྤྱང་དང་དུག་སྦྲུལ་མིན་ན།

མི་ཤི་རྟ་འགྱེལ་གྱིས།

དྭ་ཕྲུག་ག་ཚོད་བསྐྱུར།

ངུ་ངག་གི་བྲག་ཆ་དང་།

མཆི་མའི་ཐིགས་པ།

མ་གཞིར་གསོལ་འདེབས་ལ་དྲངས་མི་འོས་ཀྱང་།

ཚང་ཚང་གི་ནགས་ཚལ་ཞིག

མི་ཚེའི་མཐོང་ལམ་ན་གཡོ།

ལོ་རྒྱུས་ཀྱི་ཁ་སང་།

མིག་ལ་བྱུགས་པའི་འཆོར་སྒེག་གང་།

རྗེས་དྲན་གྱི་དེ་རིང་།

ཉི་ཟླའི་འོད་ཁྱིམ་གང་།

མུན་པའི་འཁོར་རུ་འདུས་བ།

གཅིག་གཅིག་མིན་ནམ།

ཀྱེ་མ  མོན་ཕྲུག་ཡུལ་བོར་བ།

མགོ་བོ་དགྱེས་ནས་གང་སར་ཅེར་དུས།

གངས་རིན་པོ་ཆེ་རྒྱང་ན་མི་སྣང་།

  ༼༧༽

བྱ་རྒོད་དེ།

ནམ་མཁའི་དབུགས་ཤིག

ཉི་མ་དེ།

ས་གཞིའི་དྲོད་ཅིག

འོ་ན  སྲིད་པའི་གངས་རིན་པོ་ཆེ།

ཁྱེད་ཀྱི་དབུགས་དང་དྲོད་ནི།

ནར་ནར་ནས་ལེབ་ལེབ།

ཧྲལ་ཧྲུལ་ནས་ཧྲུག་ཧྲུག

ཡོད་ཚད་མི་ཡུལ་གྱི་གཏམ་རྒྱུད་བཞིན།

སུ་ལ་ཐོབ་པའི་གང་ལ་དབང་པའི།

ངའི་ཕྱི་ནང་ཡིན་ནམ།

                                 ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༦།༢༧ བར་གྲུབ། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *