༓ རྒྱལ་ཡུམ་ལྷ་མོར་ཕུལ་བའི་སྙན་ཚིག་མ་བཅོས་སེམས་ཀྱི་རོལ་མོ།

རྩོམ་ཡིག་འདི་ཐེངས། 1073 བཀླགས་འདུག

བརྗོད་པ་རབ་དག་གསུང་གི་ང་རོས་དྲེགས་པ་ཟིལ་གནོན་རྨོངས་པ་བརྩད་གཅོད་འཁྲུལ་པ་ཀུན་བྲལ་ཐུགས་ཀྱི་བརྩེ་བས་བསྐལ་པ་ཀུན་ཏུ་འགྲོ་ལ་རྗེས་ཆགས།།
ལེགས་པ་ཀུན་རྫོགས་མཚན་དཔེའི་འོད་ཀྱིས་ཡིད་ཅན་ཀུན་ཡིད་རབ་ཏུ་འགུག་མ་ཐོས་པ་ཙམ་གྱིས་འཇིགས་པ་བརྒྱད་པོ་སྨིག་རྒྱུའི་རི་མོའི་གོ་སར་འཆིང་མ།།

དད་པ་ཡོད་དང་མེད་པ་ཀུན་ལ་བརྩེ་བ་ཟབ་མོས་ཕྱོགས་རིས་བྲལ་བ་གྲུབ་པའི་སངས་རྒྱས་བྱེ་བ་བརྒྱ་ཡི་གཙུག་གི་ཏོག་ཏུ་ཞབས་སོར་རྫིས་མ།།
དག་པ་ཆེན་མོ་ཡུམ་གྱི་སྐུ་ལ་དང་བ་སྟོང་གིས་བདག་ཉིད་འདུད་དོ་ཚངས་པ་གསུང་གི་དངོས་གྲུབ་མྱུར་མོ་སྐད་ཅིག་གློག་གི་ཟོལ་དུ་ཕོབས་མཛོད།།
སྤངས་དང་རྟོགས་པ་བདེ་བ་ཆེན་པོ་དོན་གྱི་སྙིང་པོ་རབ་ཏུ་འཛིན་མ་དམ་པ་རྣམས་ཀྱིས་རྟག་ཏུ་བསྟོད་པས་རྨོངས་པ་ངས་ཀྱང་བསྟོད་པར་བྲེལ་སོང་།།
བསམ་པ་ཙམ་གྱིས་བསམ་ཡུལ་འདས་ཞིང་བརྗོད་པར་བྱེད་ན་བརྡ་ཡིས་དབུལ་བས་འཕགས་མ་གང་གི་གསང་བ་གསུམ་པོ་སོ་སྐྱེས་བརྗོད་བྱ་མིན་པར་ངེས་སོ།།
འཇིག་རྟེན་ཆེ་དགུ་ཁྱོད་ལ་ཧད་པ་ལང་ཚོའི་གཟི་ཉམས་ཁོ་ནས་མ་ལགས་བློ་དམན་བདག་གིས་ཤིན་ཏུ་གུས་པ་ངག་རིག་དངོས་གྲུབ་ཐོབ་ལ་རེ་ཡོད།།
རེ་དོགས་འཕྲང་ན་ལས་ཀྱིས་མནར་བའི་ཡིད་ཀྱི་མུན་པ་ཅིག་ཆར་སེལ་ལ་ལྷ་མོ་གང་གི་མཐུ་ལ་རག་པས་མི་ཕྱེད་གདུང་བས་སྙིང་ཁམས་ཟིན་ཡོད།།
ཨུད་དཔལ་མཐིང་ཀའི་གཙུག་ཏོར་ལྡེམ་ལྡེམ་བུང་བ་གཡོས་ལྟའི་དཀྱུས་རིང་འཁྱུག་འཁྱུག་ཉ་ཟླ་རྒྱས་འདྲའི་ཞལ་བཟང་འཛུམ་འཛུམ་རྒྱུ་ཡི་ཏིང་འཛིན་ཁྱོད་ལ་གཏད་ཡོད།།
འཆར་ཡན་མཆོད་པའི་སྤྲིན་ཚོགས་མེར་མེར་མ་བཅོས་དད་པའི་གདུང་དབྱངས་འུར་འུར་སྙིང་ནས་གུས་པས་ལྷ་ཕྱག་ལྡེམ་ལྡེམ་ལུས་ངག་ཡིད་ཀྱིས་ཡོད་དགུ་བཤམ་ཡོད།།
བརྩེ་ཆེན་སྙིང་རྗེའི་འཛུམ་མདངས་ཤིག་ཤིག་ལེགས་གསུང་བརྡ་གླུའི་མགུར་དབྱངས་སེང་སེང་དར་ཟབ་རིན་ཆེན་རྒྱན་ཆ་ཁྲལ་ཁྲོལ་གར་བརྒྱའི་ཉམས་བཟང་དང་བཅས་བྱོན་ཤོག།
                                                  ༢༠༡༥/༡༠/༢༣

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *