དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ།
རྩོམ་ཡིག་འདི་ཐེངས། 1655 བཀླགས་འདུག
ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་ ༡༣ ནས་དབུ་འཛུགས་ཞུས་པའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་རི་བོ་དགེ་ལུགས་པའི་གདན་ས་དགའ་ལྡན་དུ་ཚོགས་ཏེ་ཚེས་ ༢༡ ཉིན་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་པ་དང་། ཚོག་མགོན་དུ་ཤར་བྱང་གི་མཁན་པོ་གཉིས་དང་། ཚོགས་ཐོག་ཏུ་གཡུང་དྲུང་བོན་དང་། སྔ་འགྱུར་རྙིང་མ། དཔལ་ལྡན་ས་སྐྱ་བ། རྒྱལ་བ་བཀའ་རྒྱུད་པ། རི་བོ་དགེ་ལྡན་པ་སོགས་ནས་དབུ་ཚད་རིག་པའི་གནས་ལ་མཁས་པའི་དགེ་བཤེས་དང་མཁན་པོ་སོགས་མང་པོ་འཛོམས་ཡོད་ལ། ཆོས་རྒྱུད་སོ་སོའི་ལུགས་ཀྱི་མཁས་པ་རེ་རེས་བགྲོ་གླེང་དང་འབྲེལ་བའི་མྱོང་ཚོར་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐོག་དགོངས་འཆར་ལྷུག་པར་གནང་བ་དང་། གདན་ས་སྨན་རིའི་གླིང་ནས་དགེ་བཤེས་ཤེས་རབ་བློ་གྲོས་དང་། དགེ་བཤེས་ཤེས་རབ་ཉི་མ། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་སོགས་ཚོགས་བཅར་ཞུས།
མཇུག་བསྡོམས་མཛད་སྒོའི་སྐབས། གཡུང་དྲུང་བོན་གྱི་དགེ་བཤེས་ཤེས་རབ་བློ་གྲོས་ལགས་ནས། བགྲོ་གླེང་འདིར་སོ་སོའི་ཆོས་བརྒྱུད་ནས་གསུངས་པ་ཙམ་ལ་ཆ་མ་བཞག་པར་འདིར་ཕེབས་ཆོས་བརྒྱུད་ཁོངས་སོ་སོའི་མཁས་པ་ཚོས་ལྟ་གྲུབ་གསུངས་ཡོང་དུས་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་དང་། དད་གུས་སྐྱེ་འོས་པ་ཞིག་ཆགས་སྐོར་དང་། ལས་གཞི་འདི་འདྲ་བ་དེ་༸རྒྱལ་བའི་བརྟན་བཞུགས་དངོས་གནས་དེ་ཆགས་ཡོད་སྐོར་དང་།
རྙིང་མའི་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོས་ལམ་སྟོན་འོག་ཚད་ཆེན་དེ་བཞིན་སྔ་འགྱུར་རྣམ་གྲོལ་གླིང་གི་སློབ་ཚན་ནང་བཞག་ཡོད་པ་དང་། ཞི་བ་འཚོའི་དབུ་མ་རྒྱན་ཡང་དེ་བཞིན་ཡིན་སྐོར་དང་། མ་ཟད་རྗེ་རིན་པོ་ཆེའི་དབུ་མ་རྒྱན་གྱི་ཟིན་བྲིས་སོགས་དགེ་ལུགས་པའི་ཕྱོགས་ལ་འདིའི་སྐོར་ཡིག་འཇོག་མང་པོ་ཡོད་པ། མ་འོངས་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིས་མེད་མཁས་པའི་བགྲོ་གླེང་འདྲ་ཚུགས་ཐུབ་ན་དགེ་མཚན་ཆེ་སྐོར་དང་།
ས་སྐྱའི་མཁན་པོ་ཆོས་དབྱིངས་རྡོ་རྗེ་ལགས་ནས་ད་རེས་ཀྱི་ལྟ་གྲུབ་ཀྱི་མཁྱེན་ཡོན་གོ་རྟོགས་སྤེལ་རེས་གནང་བ་འདི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཚོ་ཆོས་ལུགས་རིས་མེད་ལ་བཤད་སྒྲུབ་ཀྱི་འཇུག་པའི་སྐྱ་རེངས་ལྟ་བུ་ཞིག་བྱུང་ཡོད་ལུགས་དང་། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་གདུལ་བྱའི་དབང་གིས་བརྡ་ཆད་ཐ་སྙད་མི་འདྲ་བ་ཅུང་ཟད་རེ་བྱུང་ཡོད་པ་མ་གཏོགས་དོན་གྱི་གནད་འབབ་ས་གཅིག་པ་ཆགས་ཀྱི་ཡོད་སྐོར་དང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ང་ཚོ་ཡང་འཛམ་བུ་གླིང་སྤྱིའི་ལྟ་གྲུབ་སྨྲ་བའི་ཤེས་ཡོན་པའི་སྡེ་ཚན་ནང་མཉམ་ཞུགས་གནང་ཐུབ་པའི་གོ་སྐབས་ལེན་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང་།
བཀའ་བརྒྱུད་མཁན་པོ་འཕྲིན་ལས་རྣམ་རྒྱལ་ལགས་ནས་རིས་མེད་ཆོས་བརྒྱུད་ཁག་གི་ལྟ་གྲུབ་ཀྱི་གོ་རྟོགས་སྤེལ་རེས་བྱེད་པའི་བགྲོ་གླེང་འདི་ལྟ་བུ་ནི། རྗེ་མི་ལས། ནོར་ཟང་ཟིང་གི་ཞབས་ཏོག་བདག་ལ་མེད། །ཕ་བླ་མའི་ཞབས་ཏོག་སྒྲུབ་པས་འཇལ། །ཞེས་གསུངས་པ་ལྟར་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། །
བསམ་ཚུལ་ཕྲིས།