ཀ་བཤད་བན་བོན་མཐུན་སྒྲིལ།
རྩོམ་ཡིག་འདི་ཐེངས། 2358 བཀླགས་འདུག
ཀ་དག་གདོད་མའི་ཆོས་ཀྱི་རོལ་པ་ལས།།
ཁ་བའི་ལྗོངས་ཀྱི་བན་བོན་བསྟན་པ་གཉིས།།
ག་ནས་མཇལ་ཡང་དམིགས་ཡུལ་གཅིག་ཡིན་པས།།
ང་དང་ཁྱོད་ཀྱི་ཆགས་སྡང་མེད་ན་མཛེས།།
ཅ་ལག་འབྱོར་བ་མང་པའི་ཕྱུག་བདག་དང་།།
ཆ་མེད་གྲོང་སྒོར་ཉུལ་བའི་སྤྲང་པོ་གཉིས།།
ཇ་ཡུན་ཙམ་ལའང་བདེ་སྐྱིད་འདོད་པ་དེ།།
ཉ་ཉོག་མི་སྤྲོ་ཐམས་ཅད་གཅིག་མཚུངས་ལགས།།
ཏཱ་ལའི་བླ་མའི་གདམས་ངག་བདུད་རྩི་ལས།།
ཐ་མའི་དུས་འདིར་ཆོས་ལུགས་མཐུན་དགོས་ཞེས།།
ད་ལྟ་གསུང་གི་དྲོད་ཀྱང་ཡལ་མེད་པས།།
ན་མཉམ་གྲོགས་དག་གཟིགས་དང་དགེ་མཚན་ཆེ།།
པ་སངས་མདངས་ལ་འགྲན་པའི་ལྷག་བསམ་ཅན།།
ཕ་མེས་གོང་མས་བཞག་པའི་ཁྱད་ནོར་ཚོགས།།
བ་དན་མཐུན་པའི་རླུང་དང་འགྲོགས་པ་བཞིན།།
མ་ལུས་ཀུན་ལ་གཅིག་ཕན་གཅིག་གྲོགས་མཛོད།།
ཙ་རིའི་གནས་སོགས་གཡས་སྐོར་གཡོན་སྐོར་ལས།།
ཚ་གྲང་ལྟ་བུའི་ཁྱད་པར་མ་མཐོང་པས།།
ཛ་ལང་སྤྱོད་པས་བན་བོན་དཀྲུགས་པ་ལས།།
ཝ་མོ་ལྟ་བུའི་དུད་འགྲོར་སྐྱེས་ན་དགའ།།
ཞྭ་མདོག་ཙམ་གྱིས་ཁྱད་པར་ཡོད་སྲིད་ཀྱང་།།
ཟ་འོག་རི་མོ་ཇི་བཞིན་ལྟ་གྲུབ་མིན།།
འ་ཅག་ཁ་བའི་ལྗོངས་ཀྱི་གྲུབ་མཐའ་དང་།།
ཡ་མཚན་ཅན་གྱི་ལྟ་གྲུབ་གཞན་ཡང་སློབས།།
ར་ལྟར་གྱོང་པའི་སེམས་འདི་འདུལ་བའི་སླད།།
ལ་རྒྱ་ཅན་གྱི་པཎ་གྲུབ་གོང་མ་ཚོས།།
ཤ་ཟད་རུས་ལ་ཐུག་པའི་དཀའ་སྤྱད་ཀྱིས།།
ས་སྟེང་འདི་རུ་བན་བོན་གྲུབ་མཐའ་བསླངས།།
ཧ་ཅང་བསྟན་པའི་གནད་ཉིད་འཚོལ་བ་ལ།།
ཧ་ཅང་ཞིབ་མོ་བློ་ཡིས་དཔྱད་དགོས་པས།།
ཨརྒྷཾ་ཤཔྟའི་འདོན་ཆོག་ཙམ་ཞིག་གིས།།
ཨ་རེ་འཛིན་པར་རློམ་པ་ཤིན་ཏུ་བླུན།།
ཧ་ཅང་སྨྲ་བ་མི་མང་དེ་ཙམ་བཞག།
ཨ་ཇོ་ལ་རྒྱ་ཡོད་ན་སེམས་ལ་ཟུངས།།
ཕྱི་ལོ་ ༢༠༡༥།༡༠།༡༧ཉིན།
།
བསམ་ཚུལ་ཕྲིས།