༓ གསར་རྙེད་བྱུང་བའི་གནས་རི་བཞི།
རྩོམ་ཡིག་འདི་ཐེངས། 522886 བཀླགས་འདུག
ཐེངས་འདིར་དམུ་དགེའི་ཁོག་ཏུ་ཤར་བསྐྱོད་ཐེངས་ཤིག་བྱས་པ་ཡིན་ལ། དེ་ཡང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དམུ་དགེ་བླ་རི་དགོན་གཡུང་དྲུང་ལྷ་རྩེ་དགོན་པའི་དགོན་གྲོང་གཉིས་ལ་ཕུར་པ་འབྲུག་གསས་ཆེམ་པའི་དབང་ཆེན་བསྐུར་བའི་དུས་སྐབས་དང་ཁེལ་བ་བྱས་པ་ཡིན། བླ་རི་དགོན་གྱི་རྒྱལ་ཚབ་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན་གྱི་ཐུགས་དགོངས་ལྟར། ༢༠༡༠ ལོར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་བྲག་དཀར་གནས་མཆོག་གི་གནས་ཆེན་གསང་བའི་སྒྲུབ་གནས་ཏེ་སྐལ་ལྡན་ཉི་མ་རང་ཤར་དང་རྡོ་དབུ་ཆགས་མེད་ཚང་གཉིས་ཀྱི་སྒོམ་ཁང་དུ་མཚམས་ལ་བཞུགས་ཏེ་གནས་རི་སྒོ་འབྱེད་གནང་སྐབས་ཁོང་གིས་བླ་མེད་གསང་བའི་སྒྲུབ་གནས་ཀྱི་ཤར་ལ་དབལ་སྟག་འགྱིང་བ་སྟག་སྒྲུབ་ཀྱི་གནས་དང་། བྱང་དུ་གླང་ཆེན་འགྱིང་བ་ཚེ་དབང་གི་གནས་དང་། ནུབ་ཏུ་སྦྲུལ་ནག་འཁྱིལ་བ་ཁྱུང་གི་གནས་དང་། ལྷོ་རུ་དཀར་མོ་རང་བྱོན་སྲིད་རྒྱལ་གྱི་གནས་ཞེས་ཤར་ལྷོ་ནུབ་བྱང་དུ་གནས་མི་འདྲ་བ་བཞི་ཡོད་པར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་བྲག་དཀར་གནས་ཡིག་གི་ནང་དུ་གསལ་བོར་བཀོད་པ་དང་སྐབས་དེར་བདག་གིས་ལྗོངས་རྒྱུའི་ཟིན་བྲིས<<བྲག་དཀར་མ>>ཞེས་པ་ཞིག་བྲིས་པ་སྟེ”ཧི་མ་ལ་ཡི་བོན”སོགས་ཚགས་ཤོག་འདྲ་མིན་སྟེང་དུ་སྤེལ་བ་ཡིན། ལོ་འདི་དག་རིང་དམུ་དགེ་བླ་རི་དགོན་གྱི་རྒྱལ་ཚབ་བཟོད་པ་རྒྱལ་མཚན་མཆོག་ནས་སྒྲུབ་གནས་དེ་དག་ངོས་འཛིན་ཡང་དག་པར་བྱས་པ་དང་ཐེངས་འདིར་བླ་མ་ཁོང་གིས་མངགས་བཅོལ་ལྟར་གནས་རི་དེ་དག་གི་ཕྱོགས་སུ་སོང་སྟེ་གནས་མཇལ་ཐེངས་ཤིག་བྱས་པ་ཡིན། དེ་ཡང་ལྷོ་རུ་ཡོད་པའི་སྲིད་རྒྱལ་དཀར་མོ་རང་བྱོན་གྱི་གནས་ནི་བྲག་དཀར་སྒོམ་ཁང་གི་ལྷོ་རུ་ཡོད་ལ། གནས་རིའི་དེའི་མདུན་དུ་ང་རང་སྔོན་མ་བྲག་དཀར་སྒོམ་ཁང་ལ་མཇལ་དུ་འགྲོ་སྐབས་ཐེངས་གཉིས་ཙམ་འགྲོ་མྱོང་ཡོད། གནས་དེ་ནི་བྲག་དཀར་ལུང་མདོ་ནས་ཡར་སྒོམ་ཁང་ཕྱོགས་སུ་དེད་དེ་སོང་བ་ན་ལམ་གྱི་མུ་འགྲམ་ནས་མཐོང་ཐུབ་པར་མ་ཟད། སྒོམ་ཁང་ནས་ལྷོ་རུ་བལྟས་ན་དངོས་གནས་མ་མཆོག་སྲིད་པ་རྒྱལ་མོའི་ཞལ་གདོང་རང་བྱོན་དུ་ཡོད་པར་གསལ་བོར་མཇལ་ཐུབ།
ཤར་དབལ་སྟག་འགྱིང་བ།
ཤར་དུ་དབལ་སྟག་འགྱིང་བ་སྟག་སྒྲུབ་ཀྱི་གནས་ནི་བླ་རི་གཡུང་དྲུང་ལྷ་རྩེ་དགོན་གྱི་སྔོན་མའི་དགོན་རྙིང་སྟེ་ཆུ་རྐོང་དགོན་པའི་མདུན་ཕྱོགས་སུ་ཡོད་ལ། བྲག་རིའི་མདུན་ཐེད་ནས་ཡར་བལྟས་པ་ན་རི་བོའི་དབྱིབས་ནི་དངོས་གནས་དབལ་སྟག་ཅིག་འགྱིང་བའི་དབྱིབས་སུ་འདུག བྲག་དེ་ལ་མྱི་སྣ་གདོང་ཞེས་འབོད་ཀྱིན་ཡོད། བྲག་དངོས་ཀྱི་སྒོམ་ཁང་དུ་སྔོན་ཆད་མནའ་བཅད་རྟོགས་ལྡན་མཆོག་མཚམས་ལ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་གྱི་བསྟན་པ་བསྐྱངས། ངས་སྒྲུབ་གནས་ལ་མཇལ་རྗེས་མུ་འཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་ཡིན་ལ། མདུན་ཕྱོགས་ནི་སྔར་ལྟར་ལྗོན་ཤིང་སྣ་ཚོགས་ཀྱི་འདབ་མ་དཀར་སེར་དམར་སྔོན་དུ་བཀྲ་བའི་ཚང་ཚིང་གི་ནགས་ཀླུང་དང་། ལྦུ་བའི་རླབས་དཀར་དགུང་དུ་འཕྱོ་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། ད་དུང་བྱ་བྱེའུ་སྣ་མང་གི་སྐད་སྙན་ལྷང་ལྷང་གྲགས་ས་སྟེ། མདོར་ན་ལྷད་མེད་པའི་རང་བྱུང་གི་ངོ་གདོང་གཙང་མ་དེ་ཡིན། ཅུང་ཙམ་སོང་རྗེས་ནགས་ཁྲོད་ནས་ཆུ་རྐོང་དགོན་པ་ཡོངས་སུ་མཐོང་ཐུབ་ལ། དགོན་པ་དེ་ནི་ཉིན་ལྷས་ཤིག་ཏུ་བཏབ་ཡོད། དེ་ནི་གཙོ་བོ་ཆུ་རྐོང་བླ་མ་རིམ་བྱོན་གྱིས་བསྟན་པ་བསྐྱངས་སའི་གནས་ཡིན། ས་འདིའི་རྒན་པོ་ལོ་ལོན་ཚོས་བཤད་པ་ལྟར་ན་གནས་འདིར་སྒང་བླ་རབས་བཅུ་གསུམ་ཙམ་གྱི་གདན་ས་ཡིན་ཟེར། ཡིན་ནའང་ད་ལྟ་བླ་རབས་བཅུ་གསུམ་ཟེར་བ་ནི་ངག་རྒྱུན་ཙམ་ལས་བླ་མ་ཁ་ཤས་ཤིག་གི་མཚན་ལས་བླ་མ་བཅུ་གསུམ་གྱི་མཚན་ཆ་ཚང་ཤེས་མཁན་གཅིག་ཀྱང་མེད། དེ་ཡང་ཆུ་རྐོང་བླ་མ་རིམ་བྱོན་ནི་སྒང་བླ་མ་ཚང་ཡིན་ལ་སྒང་བླ་མ་ཚང་ནི་བླ་རི་དོ་འཕང་ཟེར་བ་ནས་ཡིན། དེ་ཡང་དོ་འཕང་ཞེས་པ་ནི་ཡུལ་མིང་དུ་ཆགས་པ་ལས་དོན་དུ་དུང་ཕོར་ཞེས་པ་ཡིན་པར། ས་འདིའི་ལོ་ལོན་རྣམས་ཀྱིས་བཤད་ན་ཡུལ་འདི་ད་ནག་དུང་ཕོར་ཟེར་ས་ནས་ཡོང་བ་ཡིན་ཞེས་བཤད་པ་འདིས་ཤེས་ཐུབ། ད་ནག་དུང་ཕོར་ཞེས་པ་ནི་སྤྲུལ་སྐུ་འགུ་རུ་སྣོན་རྩེས་བོན་གཏེར་བཞེས་སའི་ས་ནག་དུང་ཕོར་ཞེས་པའི་ས་ཆ་དེ་ཡིན་མིན་ང་ཚོས་ཚོད་དཔག་བྱེད་བཞིན་ཡོད། སྒང་བླ་མ་མཆོག་གཙང་སྨན་རི་སྟེ་མཉམ་མེད་བླ་མའི་གདན་སར་ཕེབས་ཏེ་གྲྭ་སའི་སྒྲིག་སྒོ་ལ་ཞུགས་ནས་དབང་ལུང་མན་ངག་གི་རྒྱུད་ཁ་རྣམས་ཐོབ་པར་བྱས། རྗེས་སུ་ཁོང་གི་ཡབ་ལགས་གཙང་དུ་ཕྱིན་ནས་བླ་མ་མཆོག་རང་ཡུལ་གདན་དྲངས་ཤིང་། ཞོར་དུ་རྒྱལ་ཆེན་ཤེལ་ཁྲབ་མཆོག་བསྟན་པའི་བཀའ་སྲུང་དུ་རང་ཡུལ་ལ་སྤྱན་དྲངས། ཡིན་ནའང་སྒང་བླ་མ་ཚང་གིས་སྔོན་དུ་བསྟོད་པའི་སྲུང་མ་དང་རྒྱལ་ཆེན་གཉིས་གཞི་གཅིག་ཏུ་སྟོད་ཐབས་མ་བྱུང་བས། སྒང་བླ་མས་དགོན་ས་ལུང་ནག་ཏུ་གནས་སྤོར་བྱས། དགོན་པའི་མཚན་ལ་མུན་གྲོལ་བསམ་འགྲུབ་དགོན་ཞེས་བཏགས། དགོན་པ་དེའི་སྐོར་ང་ཚོས་གཤམ་དུ་ཅུང་ཟད་གླེང་རྒྱུ་ཡིན། ཆུ་རྐོང་དགོན་པ་ནི་མུན་གྲོལ་བསམ་འགྲུབ་དགོན་ནམ་ལུང་ནག་ནས་ཚུར་སྤར་བའི་དགོན་པ་ཡིན། ཆུ་རྐོང་དགོན་པ་ནི་བལྟས་ཆུ་ལུང་པའི་ནང་ནས་ཡར་དེད་ན་སྤྱི་ལེའུ་བཅུ་ཙམ་གྱི་མཚམས་སུ་ཡོད། དགོན་པའི་གཡས་གཡོན་དུ་གནའ་བོའི་བཟོ་རྩལ་ལས་ཐོན་པའི་རྡོ་སྐུ་མང་པོ་ཡོད། ༡༩༩༥ལོར་ཆུ་རྐོང་དགོན་པ་ནི་ཚུལ་ཁྲིམས་རྒྱལ་བ་བསྟན་འཛིན་གྱིས་ད་ལྟའི་བླ་རིའི་གཡུང་དྲུང་ལྷ་རྩེ་དགོན་པ་ཡོད་སར་གནས་སྤོར་བྱས་པ་ཞིག་ཡིན་ལ་དགོན་འདིའི་ལོ་རྒྱུས་ནི་བདག་གིས་བྲིས་པའི<<དམུ་དགེ་བླ་རི་དགོན་གྱི་ལོ་རྒྱུས>>ཞེས་པར་གསལ།
བྱང་གླང་ཆེན་འགྱིང་བ།
བྱང་དུ་གླང་ཆེན་འགྱིང་བ་ཚེ་དབང་གི་གནས་ནི་བླ་རིའི་དོ་འཕང་ལུང་ཁོག་དེད་དེ་སོང་ན་སྤྱི་ལེའུ་སུམ་ཅུ་ཙམ་གྱི་མཚམས་སུ་ཡོད། དེ་ནི་བླ་རིའི་ཟོག་སྒར་ཡོད་ས་ན་ཡོད། གནས་རི་དེ་ནི་མུན་གྲོལ་བསམ་འགྲུབ་དགོན་གྱི་རྒྱབ་རི་ཡིན་ལ། གནས་བདག་གི་མཚན་ལ་རྫ་སྔོན་གཡུང་དྲུང་རྩེ་བརྒྱད་ཅེས་འབོད་བཞིན་ཡོད། དེ་ཡང་གནས་རིའི་ཤར་ཕྱོགས་སུ་ཡོད་པའི་ཆ་རྐོ་ཐང་ནས་ཚུར་བལྟས་ན་རི་དེ་ནི་དངོས་གནས་གླང་ཆེན་ཞིག་གི་བཟོ་དབྱིབས་སུ་འདུག་པར་དངོས་སུ་མཐོང་ཐུབ། དེ་ཡང་གོང་དུ་བརྗོད་འཕྲོར་ལྷག་པའི་ལུང་ནག་མུན་གྲོལ་བསམ་འགྲུབ་དགོན་དང་ཡང་ན་སྒང་བླ་མ་མཆོག་ནི་ཁྲོ་ཆུ་མེ་ཙ་ཁོག་གི་ཚེ་དགེ་དང་ར་མགོ་ཚོ་བ་བཅོ་བརྒྱད་ཀྱི་ལྷ་ཕྱག་གི་ཡུལ་ཡིན་པར་མ་ཟད། དབེན་རི་སྲིད་རྒྱལ་དགོན་ཡང་བླ་མ་དེ་ཉིད་ནས་ཕྱག་བཏབ་གནང་། དེ་ལྟར་ཡིན་སྟབས་བླ་མ་ཁོང་གིས་མུན་གྲོལ་བསམ་འགྲུབ་དགོན་པ་ནི་བླ་རི་དང་མངའ་བའི་ཁོག་མེ་ཙ་གསུམ་གྱི་བར་དུ་ཕྱག་འདེབས་མཛད་པར་སེམས། དེ་ཡི་རྗེས་སུ་སྒང་བླ་མས་དགོན་པ་ཆུ་རྐོང་དུ་གནས་སྤོར་བྱས་ཤིང་དུས་ཡུན་རིང་པོ་མ་ལོན་པར་སླར་དགོན་པ་ལུང་ནག་ཏུ་གནས་སྤོ་བྱས། སྐབས་དེར་ཨ་ཁྱམས་སྟོབས་རྒྱས་ཞེས་པའི་ཇག་པ་དཔུང་སྡེ་ཞིག་གིས་དགོན་པ་ལ་གཏོར་བཤིག་བཏང་མཐར་སྒང་བླ་མ་བློ་བཟང་འཇིགས་མེད་ཀྱི་སྐུ་རིང་དུ་དགོན་པ་སླར་ཆུ་རྐོང་དུ་གནས་སྤོར་བྱེད་དགོས་བྱུང་། དོན་དངོས་སུ་དགོན་པ་ཡོད་སའི་ས་མིང་ལ་ལུང་ནག་ཅེས་པ་མ་ཡིན་པར་ལུང་དཀར་ཞེས་པ་ཡིན་པར་དེང་དུས་ཡང་མེ་ཙ་ཁོག་གིས་མི་རྣམས་ཀྱིས་ལུང་དཀར་ཞེས་བརྗོད་པ་འདིས་ཤེས་ཐུབ། ལུང་ནག་ཅེས་པ་ནི་བན་ཕྱོགས་ནས་བཏགས་པའི་ས་མིང་ཞིག་ཡིན་པར་བཤད། གོང་དུ་བརྗོད་པ་བཞིན་ལུང་དཀར་གཡས་གཡོན་ནི་བླ་རིའི་དབྱར་ས་ཡིན་ལ་སྤང་རི་དང་ནགས་རི་ཆ་ཚང་བའི་གནས་འདིར་ས་འདིའི་ཁྱད་ཆོས་སམ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཤིང་གུར་མང་པོ་ཕྱོགས་བཞིར་བཀྲམ་ཡོད།
ནུབ་སྦྲུལ་ནག་འཁྱིལ་བ།
ནུབ་ཏུ་སྦྲུལ་ནག་འཁྱིལ་འདྲ་ཁྱུང་སྒྲུབ་གནས་རི་ནི་དམུ་དགེ་ཨ་སྔར་སྡེ་བའི་མདུན་ཕྱོགས་སུ་ཡོད་པའི་བཀའ་གཤང་རི་ཞེས་པ་ཡིན་ལ། གནས་དེ་ནི་སྐལ་ལྡན་ཉི་མ་རང་ཤར་དང་རྡོ་དབུ་ཆགས་མེད་གཉིས་ཀྱི་དགོན་པ་སྟེ། ཨ་སྔར་ཁྱུང་ཚང་དགོན་པ་ཡོད་ས་དེ་ཡིན། ང་ཚོས་བལྟས་ཚེ་གནས་རིའི་དབྱིབས་ནི་སྦྲུལ་ནག་འཁྱིལ་འདྲ་ཡིན་མིན་ཧ་མི་གོ་ཡང་། དགོན་པའི་མཚན་ལ་ཨ་སྔར་ཁྱུང་ཚང་དགོན་ཞེས་བརྗོད་པར་བརྟགས་ན་ཁྱུང་དང་འབྲེལ་བའི་གནས་ཤིག་ཡིན་པར་ང་ཚོས་རྟོགས་ཐུབ་ཡོད། རི་སྐེད་དུ་བླ་མ་དེ་གཉིས་ཀྱི་རྐང་དུང་གི་རྗེས་དེང་དུས་ཡང་དངོས་སུ་མཇལ་རྒྱུ་ཡོད། དགོན་པ་དེ་ནི་དམུ་དགེ་ཁོག་ཏུ་ཧོར་སྟོང་སྐོར་བླ་མ་ཟེེར་བའི་སོག་པོའི་དམག་སྡེ་ཞིག་གིས་མེ་སྲེག་ཏུ་བཏང་བའི་དགོན་པ་དེ་ཡིན། དེ་ཡང་ཨ་སྔར་ཁྱུང་ཚང་དགོན་གྱི་ལོ་རྒྱུས་ཅུང་ཙམ་ཞིག་<<དམུ་དགེ་བླ་རི་དགོན་གྱི་ལོ་རྒྱུས>>རུ་གསལ།
བདག་གནས་རི་དེ་དག་གི་ཡུལ་དངོས་འགྲིམ་པའི་གོ་རིམ་མཇུག་སྒྲིལ་རྗེས་སྔོན་གྱི་དགོན་རྙིང་སྟེ་དམུ་དགེ་བླ་རིའི་གཡུང་དགོན་དུ་སོང་བ་ཡིན། གཡུང་དྲུང་དགོན་ནི་སྣང་ཞིག་ཉི་མ་རིག་འཛིན་གྱིས་ཕྱག་བཏབ་གནང་བའི་དགོན་པ་དེ་ཡིན་ལ། དེ་ནི་དེང་གི་དབང་དུ་བྱས་ན་དམུ་དགེ་བླ་རི་གཡུང་དྲུང་དགོན་གྱི་མདུན་རིའི་རི་རྒྱུད་ནས་མདུན་ཕྱོགས་ཀྱི་རི་སྐེད་དེད་དེ་སོང་བ་ན་སྤྱི་ལེའུ་གསུམ་ཙམ་གྱི་མཚམས་སུ་ཡོད། དགོན་པ་གྱང་ཆག་ཏུ་གྱུར་ནས་ལོ༥༠ཙམ་སོང་ཡང་། གྱང་ངོས་ཀྱི་གྱང་རིས་དང་དེའི་མ་གདན་ཇི་ལྟར་བཟོས་པའི་ལག་རྩལ་དང་རྫས་ཀྱི་ངོ་བོ་ཁ་ཤས་ཀྱིས་ང་རང་ཧ་ལས་སུ་བཅུགས་ཡོད། མ་ཟད་ང་ཚོས་ཕྱོགས་ཁ་ཤས་ནས་གྱང་རིས་ཀྱི་རི་མོ་ཁ་ཤས་རྙེད་སོང་། རི་མོ་དེ་དག་ནི་སྣང་ཞིག་ཉི་མ་རིག་འཛིན་གྱི་རིང་དུ་བཞེངས་པ་ཡིན་པར་བཤད་པ་འདིས། ང་ཚོས་གྱང་རིས་དེའི་ལོ་རྒྱུས་ཧ་ཅང་རིང་པོ་ཡིན་པར་བཤད་ཐུབ་ཀྱིན་ཡོད། ལོ་ལོན་ཚོས་བཤད་ན་གྱང་རིས་བཟོ་སྐབས་སྣང་ཞིག་ཉི་མ་རིག་འཛིན་གྱིས་ཉི་མ་རིང་བོ་བཏང་སྟེ་གྱང་རིས་དེ་དག་མྱུར་མོ་འགྲུབ་པར་བྱས་པ་རེད་ཟེེར། དེ་ནི་ངག་རྒྱུན་ཙམ་ཡིན་མོད། དེ་ཡང་བརྟག་ཏུ་མེད་པ་ཞིག་མ་ཡིན་པར་སྣང་ཞིག་ཉི་མ་རིག་འཛིན་གྱིས་གྲུབ་པའི་རྟགས་མཚན་དེ་ལྟར་བསྟན་པ་ནི་ངའི་ཕ་ཡུལ་རྔ་བ་སོགས་ས་ཆ་མང་པོ་ཞིག་ཏུ་བཤད་རྒྱུན་ཡོད་པས་ཤེས་ཐུབ། ང་ཚོ་གཡུང་དྲུང་དགོན་ནས་ཕྱིར་ཡོང་སྐབས་ལམ་འགྲམ་དུ་ཡོད་པའི་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཞབས་རྗེས་ལ་མཇལ་བ་ཡིན་ལ། བླ་རི་གཡུང་དྲུང་དགོན་གྱི་ཉེ་འགྲམ་དུ་ཁྱོན་སྡོམ་རྡོ་ཕ་བོང་གསུམ་གྱི་སྟེང་དུ་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་ཞབས་རྗེས་བཞི་ཡོད་པར་དེང་དུས་ཡང་མཇལ་དུ་ཡོད།
དེ་ལྟར་བདག་གི་ཐེངས་འདིའི་ཡུལ་སྐོར་ཟིན་བྲིས་མཇུག་གྲུབ་པར་བྱས་པ་ཡིན།
བསམ་ཚུལ་ཕྲིས།