སྙན་ངག་མེ་ལོང་མ་མ་དར་བའི་སྔོན་གྱི་བོད་རང་གི་སྙན་ངག་གི་གཞུང་ལུགས་གླེང་བ། 

རྩོམ་ཡིག་འདི་ཐེངས། 4615 བཀླགས་འདུག

(ཝར་ཎཱ་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་བདུན་པའི་སྐབས་ཀྱི་བདག་གི་གཏམ་བཤད་ཀྱི་མ་ཟིན། ) 

འཇིག་རྟེན་མིའི་རིགས་ཀྱི་སྐད་བརྡ་བྱུང་བ་ནས་བཟུང་སེམས་ཚོར་བརྗོད་པའི་ཚིག་གི་རྣམ་གྲངས་འདི་དག་རིམ་གྱིས་བྱུང་བ་ཡིན་ཏེ། ཕྱིའི་ཡུལ་གྱི་བྱ་དངོས་ཀྱི་འཕེལ་འགྲིབ་ལ་བརྟེན་ནས་ནང་སེམས་ཀྱི་མཐོང་སྣང་སྣ་ཚོགས་བྱུང་ཞིང་། མཐོང་སྣང་ལ་བརྟེན་ནས་དེ་ཉིད་བརྗོད་པའི་ཐབས་ཀྱང་ཇེ་མང་དུ་སོང་བ་དང་། བརྒྱུད་རིམ་དེ་དག་གི་ཁྲོད་ནས་གཞུང་ལུགས་ཀྱི་རྣམ་གྲངས་འདི་དག་བྱུང་བ་ནི་སྙན་ངག་ཙམ་དུ་མ་ཟད་སྐད་ཆའི་སྒྱུ་རྩལ་ཡོད་དོ་ཅོག་གི་གཞུང་ལུགས་ཀྱི་བྱུང་རིམ་ཡང་རེད། སྐབས་སུ་བབས་པའི་འཆད་བྱ་བོད་ལ་སྙན་ངག་གི་གཞུང་ལུགས་དུས་ནམ་ཞིག་ལ་དར་བ་ཡིན་མིན་གྱི་ཐད་ནས་ད་བར་དུ་ཡོངས་སུ་གྲགས་པའི་བཤད་སྟངས་ཤིག་ཡོད་པ་ནི་དུས་རབས་བཅུ་གསུམ་པའི་སྐབས་ནས་དར་བར་འདོད་པ་ཡིན་ཏེ། དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ་གཉིས་ཀྱི་བཀའ་དགོངས་བཞིན་རྒྱ་གར་གྱི་མཁས་པ་ལཀ་ཥིམ་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་སྙན་ངག་མེ་ལོང་མ་བོད་ཡིག་ཏུ་བསྒྱུར་བ་ནས་བྱུང་བར་འདོད། ཡང་ཤིན་ཏུ་ནས་ཁྱབ་ཆུང་བའི་བཤད་སྲོལ་གཞན་ཞིག་ཡོད་པ་ནི་དེའི་སྔོན་དུ་བོད་རང་ལ་སྙན་ངག་གི་གཞུང་ལུགས་ཡོད་པར་མ་ཟད་དེ་ཡང་དུས་རབས་བརྒྱད་པ་ཙམ་ནས་བྱུང་ཡོད་པར་འདོད་ཅིང་། དེང་སང་སྙན་གཞུང་དེ་དེབ་གཟུགས་སུ་པར་བསྐྲུན་བྱས་ནས་གང་སར་ཉོ་རྒྱུ་ཡོད་པའི་༼སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་།༽ཞེས་པ་དེ་རེད། འོན་ཀྱང་གཞུང་འདི་དང་སྙན་ངག་མེ་ལོང་མའི་གཞུང་གཉིས་ལ་མཚན་ཉིད་འཇོག་སྟངས་དང་གོ་རིམ་བསྒྲིག་སྟངས་སོགས་ཕྱོགས་གང་ཐད་ནས་དབྱེ་བ་འབྱེད་མི་ཐུབ་པས། གཞུང་ལུགས་ཤིག་ཡིན་པའི་ངོས་ནས་བལྟས་ན་འདི་གཉིས་གཞུང་ལུགས་མི་འདྲ་བ་རེད་ཅེས་ནམ་ཡང་བཤད་ཐུབ་ཐབས་མེད། དེའི་ཚུལ་འོག་ཏུ་འཆད་རྒྱུ་ཡིན། འོ་ན་ཁྱོད་རང་གི་འདོད་པ་གང་ཡིན་ཟེར་ན། ཁོ་བོས་དུས་རབས་བརྒྱད་པ་ཙམ་དུ་མ་ཟད་དེའི་སྔོན་ནས་ཀྱང་བོད་རང་ས་ནས་དར་བའི་སྙན་ངག་དང་དེའི་གཞུང་ལུགས་ཡོད་པར་འདོད། འགའ་རེར་མཚོན་ན་སྐད་ཆ་འདི་གོ་དཀའ་ཞིང་དང་ལེན་བྱེད་དཀའ་བ་ཞིག་ཡིན་པ་བཞིན་བཤད་མཁན་ལའང་དེ་བཞིན་གྱི་དཀའ་ཁག་ཡོད་པ་ནི་སྨྲོས་ཅི་དགོས། ཡིན་ན་ཡང་ཁོ་བོས་ཚིག་གོ་སླ་ཞིང་དོན་རྟོགས་སླ་བ་རྣམས་གཅིག་ཏུ་བསྒྲིལ་ཏེ་བཤད་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།

འགའ་ཞིག་གིས་འདོད་པའི་བོད་དུ་བྱུང་བའི་སྙན་ངག་གི་གཞུང་ཐོག་མ་གླེང་བ།

༡ འགའ་ཞིག་གིས་བོད་དུ་ཐོག་མར་དར་བའི་སྙན་ངག་གི་གཞུང་ནི་གཙང་གཤེན་སྙན་ངག་རང་གྲོལ་ལམ་རྣལ་འབྱོར་གཙང་གཤེན་པས་མཛད་པར་གྲགས་ཤིང་ད་ལྟ་བོན་པོའི་བཀའ་བརྟེན་ཁྲོད་དུ་བཞུགས་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ཞེས་པ་དེ་ཡིན་པར་འདོད་ཅིང་། མཛད་པ་པོ་ཁོང་གི་འཁྲུངས་ལོའི་ཐད་ལ་གཅིག་མཐུན་ནམ་ཡོངས་གྲགས་ཀྱི་བཞེད་ལུགས་ཤིག་མེད་མོད། གང་ལྟར་དུས་རབས་བརྒྱད་པའི་གཡས་གཡོན་ལ་བྱུང་བ་ཞིག་ཡིན་པ་འབྲེལ་ཡོད་བོན་གྱི་དཔེ་ཆ་ཁག་ལ་བལྟས་པས་ཤེས་ནུས། གལ་སྲིད་གཞུང་འདི་སྐབས་དེ་ཤེད་དུ་བྱུང་བ་ཞིག་ཡིན་ན་དུས་སྐབས་དེའི་སྐད་ཆའི་སྒྱུ་རྩལ་དང་མཐུན་དགོས་པ་ནི་སྨོས་ཅི་དགོས་དེ་དེ་ནི་རིག་པ་གཏོང་བ་དང་ཞིབ་འཇུག་བྱེད་དགོས་པའི་དཀའ་གནད་ཅན་ཞིག་མིན། གཞུང་འདིར་མཚོན་ནའང་དེ་ལས་མ་འདས་ཏེ་སྐད་ཆའི་སྒྱུ་རྩལ་དང་ནང་དོན་གང་གི་ཆ་ནས་ཀྱང་གནའ་བོའི་ཉམས་དང་བྲོ་བ་ཞིག་རྙེད་རྒྱུ་མེད། དེས་ན་སྙན་གཞུང་འདི་དང་རྩོམ་པ་པོའི་དབར་གྱི་སྟོང་ཆ་ལ་དཔྱད་པ་བྱེད་རྒྱུ་ནི་གནད་འདི་འགྲོལ་བའི་ཐབས་ལེགས་ཤོས་དེ་ཡིན་པ་རེད།

གྲུབ་ཐོབ་གཙང་གཤེན་པ་ཞུ་བ་འདི་བོན་གྱི་སྔགས་འཆང་ཞིག་ཡིན་ཞིང་གསང་སྔགས་ཀྱི་བླ་མ་བརྒྱུད་པའི་གྲས་སུའང་ཚུད་ཡོད་པའི་མི་སྣ་གལ་ཆེན་ཞིག་རེད། དེའི་ནང་ནས་ཀྱང་ཁོང་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སྙན་ངག་ལ་ཤིན་ཏུ་མཁས་པ་དེ་རེད། དེའི་རྐྱེན་གྱིས་བོན་གྱི་དཔེ་ཆའི་ཁྲོད་དུ་ཁོང་ལ་”གཙང་གཤེན་སྙན་ངག་རང་གྲོལ”ཞེས་ཡོངས་གྲགས་སུ་འབོད་སྲོལ་བྱུང་ཡོད། བཤད་སྲོལ་དེ་ཡིག་ཆ་རྙིང་པའི་ཁྲོད་དུའང་མཐོང་རྒྱུ་ཡོད་དེ། བོད་བཙན་པོའི་དུས་སྐབས་ཀྱི་དཔེ་རྙིང་དུ་གྲགས་པ་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ནས་རྙེད་པའི་བོན་གྱི་དཔེ་ཆ་དེའི་ནང་དུའང་

རྩང་གཤེན་སྙལ་ངག་གྱི།།

གཏོ་དང་དཔྱད་བགྱིས་ན།།

ཡེ་དེ་ལྷ་བསང་འཚལ།།

མར་དེ་དྲི་འདུལ་འཚལ།།

རྩང་གཤེན་སྙལ་ངག་གྱིས།།

རྩང་ཤ་མཁར་བུ་ལ་བསང་དེ་བཏང་ངོ་།། (རྣེལ་དྲི་འདུལ་ཐབས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༢༦)

ཞེས་འཁོད་ཡོད། འདིའི་ནང་དུ་གནད་འགག་ཅན་གྱི་ཚིག་གཅིག་སྟེ་”སྙལ་”ཞེས་བྲིས་པ་འདི་ལ་སྙན་དུ་གོ་བ་ལེན་དགོས་དོན་ཅི་ཡིན་སྙམ་ན། དེ་ནི་བོན་གྱི་དཔེ་ཆ་ཁག་གཞི་རྩར་བཟུང་ནས་བཤད་པ་ཡིན་ཏེ། བོན་པོའི་དཔེ་གཞུང་ཁག་ཁ་གཅིག་གྲགས་ལྟ་བུའི་འབོད་སྟངས་ཤིག་ཡིན་པ་དང་། དཔེ་ཆ་འདི་བོད་ཀྱི་དཔེ་རྙིང་གཞན་དག་དང་འདྲ་བར་དག་ཆ་དེ་ཙམ་མེད་པ་ཞིག་ཡིན་པ་དང་། ཚིག་འདི་ཚིག་གྲོགས་ཕྱི་མ་ངག་དང་མཉམ་དུ་སྦྱར་ན་སྙན་ངག་ཅེས་པ་ལས་གཞན་ཞིག་འགྲེལ་བཤད་རྒྱག་མི་ཐུབ་པ་བཅས་ལ་བརྟེན་ནས་དེ་ལྟར་གོ་བ་བླངས་ན་འོས་ཤིང་འཚམས་པ་ཞིག་ཡིན།

གྲུབ་ཐོབ་ཁོང་སྙན་ངག་ལ་མཁས་པ་ཡིན་པ་དེ་གཞུང་ལུགས་འདིའི་རྩོམ་པ་པོ་ཡིན་པའི་སྒྲུབ་བྱེད་དུ་འདྲེན་མི་འོས་ཤིང་གཞུང་འདིའི་མཇུག་བྱང་དུ་ཁོང་གི་མཚན་ཡོད་པ་དེ་ཡང་རྒྱུ་མཚན་ངེས་ཤས་འདྲོངས་པ་ཞིག་མིན་ཏེ་བོད་དུ་ཆེས་དར་སྲོལ་ཆེ་བའི་གཏེར་དཔེ་ཁག་མང་པོ་ཞིག་དང་ཐོན་མིའི་ཡིག་ཕུད་སོགས་ཀྱིས་ཀྱང་ཚུལ་འདི་ལ་གསལ་བཤད་དང་དཔང་པོ་བྱེད་ཐུབ། འོ་ན་རྒྱུ་མཚན་གང་འདྲ་ཞིག་ལ་བརྟེན་ནས་ཧ་གོ་ཐུབ་བམ་ཟེར་ན་འདི་ལ་བརྟག་ཐབས་གིས་ཀྱི་སྒོ་ནས་དཔྱད་པ་བྱེད་ཆོག །

དང་པོ། སྐད་ཆའི་སྒྱུ་རྩལ་ལས་དུས་ཚོད་ཀྱི་བབས་བརྟག་པ། 

ཏུན་ཧོང་ནས་ཐོན་པའི་མགུར་མའི་རིགས་དང་ཡིག་རྙིང་གཞན་དག་གང་ལ་བརྟག་ཀྱང་དུས་རབས་དགུ་པའི་སྔོན་གྱི་སྐད་ཆ་ལ་རང་གི་ཐུན་མོང་མ་ཡིན་པའི་ཆ་མང་པོ་མངོན་རྒྱུ་ཡོད་པ་དང་། དེ་དང་འདྲ་བར་དུས་རབས་བཅུ་གཉིས་དང་བཅུ་གསུམ་མན་གྱི་སྐད་ཆ་ལའང་རང་གི་ཁྱད་ཆོས་མང་པོ་རང་ཆས་སུ་གྲུབ་ནས་ཡོད་པས་དུས་སྐབས་འདི་གཉིས་ཀྱི་སྐད་རིགས་ལོགས་སུ་དབྱེ་རྒྱུར་དེ་ཙམ་གྱི་དཀའ་ངལ་ཆེན་པོ་མེད། འོན་ཀྱང་སྐབས་རེར་ལོ་རྒྱུས་མཁན་པོ་དག་གིས་རང་ཉིད་ཀྱིས་བྲིས་པ་འགའ་རེ་དུས་རབས་རྙིང་པའི་མི་སྣ་ག་གེ་མོ་ཞིག་གི་བརྩམས་པ་ཡིན་ཚུལ་བཤད་པའང་མང་དུ་ཡོད་ཅིང་། འདིར་བཤད་པའི་སྙན་གཞུང་རྙིང་པར་འདོད་པ་དེ་ཡང་དེ་འདྲ་ཞིག་ཡིན་ཏེ། འདི་མཛད་པོ་པོར་གྲགས་པ་གྲུབ་ཐོབ་གཙང་གཤེན་པ་དུས་རབས་བརྒྱད་པའི་སྐབས་སུ་་སྐྱེས་པ་ཞིག་ཡིན་ཕྱིན་དུས་སྐབས་དེའི་སྐད་ལས་ལོག་ཅིག་སྨྲ་མི་སྲིད་ཅིང་ཚིག་གི་འགྲོས་དང་དག་ཆའི་ཆ་ནས་ཀྱང་དུས་རབས་བརྒྱད་པའི་སྐབས་དང་མི་འཚམས་པ་ནི་བལྟས་པ་ཙམ་གྱིས་ཀྱང་ཤེས་ནུས། དཔེར་ན་དུས་རབས་བརྒྱད་པའི་དུས་མགོར་བྱུང་བའི་བོད་རྒྱལ་ཁྲི་ལྡེ་གཙུག་བཙན་(704-)རྗེ་འབངས་ཀྱི་མགུར།

དགུང་སྔོ་ནི་བདུན་རིམ་གྱི།

ལྷ་ཡུལ་ནི་གུང་དང་ནས།

ལྷ་སྲས་ནི་མྱི་འི་མགོན།

མྱི་ཡུལ་ནི་ཐམས་ཆད་དང་།

མྱི་མཚུངས་ནི་མྱི་འདྲའ་སྟེ།

ཡུལ་མཐོ་ནི་ས་གཙང་བས།

བོད་ཡུལ་ནི་གཤང་དུ་གཤེགས།

མྱི་ཡུལ་ནི་ཡུན་གྱི་རྒྱལ།

ཆོས་བཟང་ནི་གཙུག་ཆེ་ཆས།

རྒྱལ་པྲན་ནི་ཀུན་ཀྱང་འདུམ།

ན་ནིང་ནི་གཞེ་ནིང་སྔ།

ཆབ་ཆབ་ནི་མ་གཞུག་ནས།

ལ་བོང་ནི་རྗེ་དང་སྐོལ། (བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡་ལོར་པར་དུ་བསྐྲུན། ཤོག་ངོས ༨༡)

ཞེས་འབྱུང་བ་འདི་དང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་ཚིག་འགྲོས་དང་དག་ཆ་སོགས་བསྡུར་བ་ཙམ་གྱིས་ཀྱང་ཤེས་ནུས་ཤིང་། གནའ་རྩོམ་ལ་རང་སྟེང་གི་ཁྱད་ཆོས་ཡོད་པར་མ་ཟད་ལྷག་པར་དུ་བོད་རང་གི་འཚོ་བའི་ཁོར་ཡུག་ཏུ་རྐང་ལག་བཙུག་ནས་བསྡད་ཡོད་པའི་ཚོར་བ་རང་ཤུགས་སུ་སྐྱེད་ནུས། འོན་ཀྱང་སྙན་ངག་རྒྱན་གསུམ་གྱི་མགོ་མཇུག་བར་གསུམ་དུ་རྒྱ་གར་བའི་གོམ་གཤིས་དང་དྲི་མ་ཡིས་ཁྱབ་ནས་ཡོད་རྐྱེན་འདི་གཉིས་ཀྱི་བར་ཐག་གཅིག་ཏུ་འབྲེལ་ཐུབ་པའི་འགྲེལ་བཤད་ཅིག་སུས་ཀྱང་རྒྱག་མི་ནུས་སོ།

གཉིས་པ། ཚིག་ཟིན་འདྲ་མཚུངས་ལ་བརྟག་པ། 

འདིར་སྙན་གཞུང༼་རྒྱན་གསུམ་གསལ་བའི་མེ་ལོང་༽དང་༼མེ་ལོང་མ༽གཉིས་ཀྱི་འདྲ་མཚུངས་ཀྱི་ཆ་འགའ་ཞིག་ཞིབ་བསྡུར་བྱས་ཏེ་བརྟག་རྒྱུ་ཡིན་ཞིང་། ཐོག་མར་གཞུང་འདི་གཉིས་ཀྱི་མཚན་བྱང་ལ་མེ་ལོང་གི་ཐ་སྙད་གཅིག་མཚུངས་སུ་སྦྱར་ཡོད་འདུག་ཅིང་། མཆོད་བརྗོད་དུའང་ལད་བྲིས་དང་འདྲ་བཤུས་ཀྱི་ཆ་མངོན་གསལ་དུ་མཐོང་རྒྱུ་ཡོད་དེ། རྒྱན་གསུམ་གྱི་མཆོད་བརྗོད།

གླིང་དགུ་བཅུད་ཀྱི་རྒྱ་མཚོ་ཆེར།།

ཨེར་སངས་བུ་མོ་དཀར་འཇམ་ཅན།།

མཚོ་བྱུང་བཟང་བཟའ་རིང་བཙུན་མ།།

ཁོ་བོའི་ཡིད་ལ་རོལ་པར་མཛོད།། ༼སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། གངས་ཏི་སེ་བོན་གཞུང་རིག་མཛོད། དེབ་གསུམ་པ། ༢༠༡༠ ལོར་པར་དུ་བཏབ། ཤོག་ངོས། ༡༽

ཅེས་པར་ཞིབ་ཏུ་བརྟག་ན་མེ་ལོང་མའི་མཆོད་བརྗོད།

གདོང་བཞི་གདོང་གི་པད་ཚལ་གྱི།།

ངང་པའི་བུ་མོ་ཐམས་ཅད་དཀར།།

དབྱངས་ཅན་མ་ནི་ཁོ་བོ་ཡི།།

ཡིད་ལ་རིང་དུ་གནས་པར་མཛོད།།(ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་རྩ་འགྲེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ་མི་གསལ། ཤོག་ངོས། 1)

ཅེས་པར་ལད་འབྲི་བྱས་པའི་རྣམ་པ་ཧ་ཅང་གསལ་པོ་ཡིན་པ་སྟེ། དོན་ལ་མི་འདྲ་ས་གང་ཡང་མེད་ཅིང་ཐ་སྙད་ཀྱི་ཆ་ནས་མི་འདྲ་བ་འགའ་ཞིག་བཀོལ་བ་ཙམ་རེད། གཞན་ཡང་དེའི་འོག་ཏུ་འབྱུང་བའི་ཤོ་ལོཀ་ཕལ་མོ་ཆེར་ཚིག་འབྲུ་འགའ་རེ་མི་འདྲ་བ་ཙམ་ལས་ཐད་ཀར་བཤུས་པ་རང་དུ་འདུག་པས་རེ་རེ་བཞིན་གཤིབ་བསྡུར་གྱི་ངལ་བ་བསྟེན་མི་དགོས་པར་ཞིབ་དུ་ཤེས་འདོད་ན་གཞུང་གཉིས་བསྡུར་ཏེ་གཟིགས་ན་དེ་གས་འཐུས་སོ།

དེའི་འོག་ཏུ་འབྱུང་བ་ནི་རྒྱན་གྱི་ཚོགས་ཡིན་ཞིང་། ཐོག་མར་རང་བཞིན་བརྗོད་པའི་རྒྱན་བཞི་བོ་རྒྱན་གསུམ་ལས་འདི་ལྟར་བྲིས་ཡོད་དེ།

སྣ་ཚོགས་འོད་དུ་འབར་བའི་ལུས།།

གཙུག་ཕུད་ལྡེམ་ཞིང་མགྲིན་པ་སྔོ།།

དབྱར་རྔ་སྒྲོག་པས་ཟློས་གར་བསྒྱུར།།

རྨ་བྱའི་ཀེ་ཀེའི་ཚིག་འདི་འཇེབས།།

མགྲིན་ནས་སྐད་སྒྲོག་འདབ་གཡོ་ཞིང་།།

དམར་བའི་འདྲེན་བྱེད་ཀུན་ཏུ་འཕྲུལ།།

སྦྱོར་འདོད་ཅན་གྱི་ཁྱིམ་བྱ་ཡིས།།

ཡོངས་སུ་བསྐོར་ནས་དགའ་མར་སྤྱོད།།

ལང་ཚོ་བདོ་བའི་སྨིན་ལེགས་མས།།

རེག་པས་སྔོན་མེད་སྤུ་ལངས་རྒྱས།།

སེམས་ནི་དགའ་བས་མྱོས་པ་དང་།།

ལྟ་བྱེད་དག་ནི་ཟུམ་པར་འཇུག །

རྣམ་རྒྱལ་ལྷ་ཡི་ཁང་བཟང་ན།།

གནས་པའི་མིག་སྟོང་གཡོ་བ་ཅན།།

འབར་བའི་ཕྱག་མཚན་རྩེ་བརྒྱ་པ།།

འཛིན་མཁས་གྲགས་པའི་མུ་ཁྱུད་ལྡན།

དཔེ་བརྗོད་འདི་དག་་དང་སྙན་ངག་མེ་ལོང་མའི་ནང་གི་རྒྱན་བཞི་ཕན་ཚུན་བསྡུར་ན་ངོ་འཕྲོད་རྒྱུར་དཀའ་ངལ་ཅི་་ཡང་མེད་པར་མ་ཟད་དེའི་ནང་ནས་ཀྱང་མངོན་གསལ་དོད་ཤོས་ནི་ཡོན་ཏན་རང་བཞིན་བརྗོད་པའི་དཔེར་བརྗོད་འདི་ཡིན་ཏེ། སྙན་ངག་རྒྱན་གསུམ་དུ་གསལ་བའི་གོང་གི་དཔེར་བརྗོད་དེ་དང་མེ་ལོང་མའི་དཔེར་བརྗོད།

དགའ་མ་ཡི་ནི་རེག་པ་འདིས།།

ལུས་ལ་སྤུ་ལོང་རྒྱས་པ་དང་།།

ཡིད་ནི་བདེ་བར་བྱེད་པ་དང་།།

མིག་དག་ཟུམ་པར་བྱེད་ཅིང་འཇུག །

ཅེས་པ་འདི་གཉིས་ལ་ཚིག་འབྲུ་འགའ་ཞིག་གི་ཁྱད་པར་ལས་ནང་དོན་དང་བརྗོད་ཐབས་ལ་ཁྱད་པར་གང་ཡང་མེད་པར་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་ཡོད།

གོང་དུ་བརྗོད་པ་དེ་དག་དམིགས་སུ་བཀལ་ནས་ལད་འབྲི་དང་བཤུ་འབྲི་བྱས་པ་ཡིན་པའི་དཔང་རྟགས་ཙམ་དུ་བསྟན་པ་ཡིན་ཞིང་། དཔེར་བརྗོད་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ་དཔྱད་པ་བྱེད་དགོས་ན་ཟླ་བ་མང་པོར་འབྲི་དགོས་པའི་དེབ་རྒན་ཞིག་ཏུ་འགྱུར་འགྲོ་བས་དུས་ཚོད་དང་ངལ་བ་གཉིས་ཆར་བསྲི་ཚགས་བྱས་ཏེ་གཞུང་རང་ངོས་ནས་མངོན་ཐུབ་པའི་དཔང་རྟགས་རྣམས་དེ་ཙམ་གྱིས་འཐུས་པར་བྱེད་རྒྱུ་ཡིན།

དོན་དངོས་སུ་གཞུང་འདི་གྲུབ་ཐོབ་གཙང་གཤེན་གྱིས་མཛད་པ་མིན་པར་ཕྱིས་སུ་བྱུང་བའི་མཁས་པ་གཞན་ཞིག་གིས་བྲིས་ཏེ་མཇུག་བྱང་དུ་ཁོང་གི་མཚན་བཀོད་པ་ཙམ་ཡིན། དེའི་དབང་གིས་དོན་དངོས་སུ་གཞུང་འདི་མཛད་པ་པོ་སུ་ཡིན་གསལ་པོ་ཞིག་བཤད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད། བོད་ཀྱི་མཁས་པ་འགའ་རེས་གཞུང་འདི་ལ་གཞི་རྩར་བཞག་ཏེ་སྙན་ངག་གི་གཞུང་འགའ་རེའང་མཛད་ཡོད་དེ། ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད་པའི་༼སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ།༽དང་། དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི༼་སྙན་ངག་རིན་ཆེན་ལྡེ་མིག༽། ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་༼སྙན་ཚིག་ཡོན་ཏན་བཅུའི་དོན་འགྲེལ་དབྱངས་ཅན་རྒྱལ་མོའི་ཞལ་ལུང་།༽ དང་༼སྙན་ངག་རྒྱན་གསུམ་གྱི་དོན་འགྲེལ་གཙང་གཤེན་དགོངས་རྒྱན།༽ སོགས་འགའ་ཞིག་ཡོད། དེ་དག་གིས་ཨ་མ་ཡིན་ཤག་དང་འོ་མ་འཐུང་ཤག་བྱས་པ་ལས་མཛད་པ་པོ་སུ་ཡིན་ལ་དོག་སློང་བྱེད་མཁན་བྱུང་མི་འདུག་ལ་ཡ་རབ་བཟང་པོའི་གོམ་གཤིས་དང་དག་སྣང་གཙང་མའི་དད་པའི་དབང་གིས་འབྱུང་རྒྱུའང་མ་རེད་སྙམ། དོག་པ་ཟ་ངེས་པ་ཞིག་ལ། དབྱུག་པ་ཅན་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བ་ཞིག་ཡིན་པའི་ལུགས་འདི་གཞི་ལ་བཞག་སྟེ་བཤད་ན་ཤོང་ལོ་ཙཱ་བ་སོགས་ཀྱིས་སྙན་ངག་མེ་ལོང་མ་བོད་དུ་མ་བསྒྱུར་བའི་སྔོན་དུ་གྲུབ་ཐོབ་གཙང་གཤེན་པས་བསྒྱུར་མི་ཆོག་པ་ཞིག་མ་རེད། འོན་ཀྱང་གཙང་གཤེན་གྱི་དུས་སྐབས་དེའི་སྐད་ཆའི་སྒྱུ་རྩལ་དང་འདི་གཉིས་མཐུན་ཐབས་མེད་པ་གོང་དུ་བཤད་ཟིན་པ་ལྟར་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་བཤད་ན་གཞུང་འདི་ཉིད་མེ་ལོང་མའི་བོད་འགྱུར་ཐོག་མ་དེ་ཡིན་པའི་དབང་དུ་བཏང་ན་བོད་དུ་མེ་ལོང་མ་མ་དར་བའི་སྔོན་དུ་སྙན་ངག་གི་གཞུང་ཡོད་པའི་སྒྲུབ་བྱེད་དུ་ཅི་ལ་འོས།

ཁོ་བོས་འདོད་པའི་བོད་རང་ས་ནས་དར་བའི་སྙན་ངག་གི་གཞུང་ལུགས་ངོས་བཟུང་བ། 

སྙན་ངག་དང་སྙན་ངག་གི་གཞུང་ལུགས་གཉིས་ལ་ཁྱད་པར་ཡོད་པ་བཞིན་འདི་གཉིས་ཀྱི་བྱུང་རིམ་ལའང་ཁྱད་པར་ཡོད་པ་སྨྲོས་ཅི་དགོས་ཏེ། སྙན་ངག་ནི་མིའི་རིགས་ཀྱིས་ངག་འཁྲོལ་བ་ནས་བྱུང་བའི་སེམས་ཚོར་བརྗོད་པའི་སྐད་ཀྱི་སྒྱུ་རྩལ་ཞིག་ཡིན་ལ་དེའི་གཞུང་ལུགས་ནི་དེ་ཉིད་ཅི་ལྟར་བརྗོད་པའི་ཐབས་ལམ་ཞིག་ཡིན། དེས་ན་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་སྟེ་སྙན་ངག་གི་འཚོ་བའི་ཉམས་མྱོང་ལ་བརྟེན་ནས་དེ་ཇི་ལྟར་བརྗོད་འོས་པའི་ཐབས་ལམ་བྱུང་བ་ཞིག་ཡིན། དེས་ན་བོད་ཀྱི་སྙན་ངག་གི་གཞུང་ལུགས་ཀྱང་དེ་འདྲ་ཡིན་ཏེ། ཆེས་སྔ་མོའི་དུས་ནས་བྱུང་བའི་གླུ་གཞས་ལ་རྣམ་དཔྱོད་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་གཞུང་ལུགས་ཀྱི་ངོ་བོར་འཕོས་པའི་ཐབས་ལམ་ཞིག་ཀྱང་གྲུབ་ཡོད་པ་དེ་མཐོ་བ་རྒྱལ་བློན་རྣམས་ཀྱི་མགུལ་གླུ་དང་དམའ་བ་མི་སེར་རྣམས་ཀྱི་གླུ་གཞས་སོགས་ལ་རང་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་དཔེ་འཇོག་གི་སྒོ་ནས་བསྟོད་སྨད་དང་ཆགས་སྡང་སོགས་མཚོན་པར་བྱེད་པ་ལྟ་བུ་ཡིན།

དེ་ལྟ་བུའི་གདོད་མའི་ངག་གི་སྒྱུ་རྩལ་གྱི་ཁྲོད་ནས་དེང་སང་ང་ཚོས་མཐོང་ཐུབ་པའི་མགུར་རམ་གླུ་རྙིང་ཤོས་ནི་ཏུན་ཧོང་ཡིག་རྙིང་དུ་ཡོད་པའི་རྒྱལ་བློན་དག་གི་བཞེངས་བའི་མགུར་དེ་དག་ཡིན་ཞིང་། དེ་དག་ནི་ད་ལྟའི་དམངས་ཁྲོད་ཀྱི་གླུ་གཞས་ཀྱི་རིགས་འདི་དག་གི་འབྱུང་ཁུངས་ཡིན་ནོ། དཔེར་མཚོན་འགའ་ཞིག་དྲངས་ན། གྲི་གུམ་བཙན་པོའི་སྲས་ཤ་ཁྱིས་ཡབ་ཀྱི་དགྲ་ཤ་ལེན་པར་བསྐྱོད་དེ་མཁར་ཕྱི་དབང་དུ་འབྱོར་སྐབས་ཡུལ་གྱི་ཡ་ང་བའི་གནས་སྟངས་གཟིགས་ཏེ་བཞེངས་བའི་མགུར།

ཡུལ་ཡབ་ཀྱི་རྗེ་མྱི་བཞུགས་ན།

པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆའོ།

དོག་ཡབ་ཀྱི་ཆར་མ་མཆིས་ན།

ས་འོན་བུ་སྤུར་ཁོག་ཁོག ( བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། ༡༡༧)

ཅེས་པ་འདི་གོ་བདེར་བསྒྱུར་བ།

ཡབ་རྗེ་བོ་ཡུལ་དུ་མ་བཞུགས་ན།

ཕྱི་འབྲོག་གི་ས་ཆ་ལྡིང་ཆེན་དེ།

ལུང་སྟོང་ཕྱལ་ཕྱལ་དུ་གྱར་བའི་ཆ།

ཡབ་ཀྱི་ནི་ཆབ་སྲིད་མ་མཆིས་ན།

ས་འོམ་བུའི་རྩེ་མོས་ཟིང་ཟིང་བྱེད།( བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། ༡༢༡)

ཅེས་པ་དང་། ཡང་སྲས་ཤ་ཁྱིས་ལོ་ངམ་འཁོར་དང་བཅས་པ་དྲག་པོའི་དམག་གིས་ཚར་བཅད་པའི་སྐབས་སུ་བཞེངས་པའི་མགུར།

འ་བ་ཉི་ཉེ་པ་ཉིད།

བྱ་རོ་རོ་ན་མདུང་གི་རྩེ་རང་ནིག

ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག

རླ་བརྡུངས།

སྤུར་བཏབ།( བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། ༡༡༧)

བརྡ་རྙིང་མང་པོ་ཞིག་གི་གོ་དོན་ལེན་སྟངས་ལ་མཁས་པ་རྣམས་མི་མཐུན་པ་མང་པོ་ཡོད་པའི་རྐྱེན་གྱིས་མགུར་གླུ་འདི་རིགས་གོ་བདེར་བཏང་བ་ལའང་མི་མཐུན་པ་ཡོང་གི་འདུག་པས་འདིར་དགོས་མཁོར་དམིགས་ཏེ་རིགས་གཉིས་འགོད་རྒྱུ་ཡིན། དང་པོ། མཁས་དབང་དོན་གྲུབ་རྒྱལ་གྱིས།

ཨ་ཕ་ནི་ཉེ་བོ་ཁོ་ན་ཉིད།

བྱ་ཆེ་ཆེ་ན་མདུང་གི་རྩེ་ནས་ཤི།

ཡོས་བུ་ཆེ་དྲགས་ན་ལྷམ་གྱི་ཡུ་བ་བྱེད།

ཕས་རྒོལ་གྱི་དགྲ་བོའི་བརླ་ཡང་བརྡུངས།

ཡབ་ཆེན་གྱི་ཨ་ཕར་བང་སོ་བརྩིགས།

གཅན་གཟན་དེ་ལུས་མེད་རོ་མེད་བྱས། (དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོར་པར་དུ་བཏབ། ཤོག་ངོས། ༣༥༧)

ཡང་འབྲི་གུང་ཆེ་ཚང་རིན་པོ་ཆེས།

ཨ་ཕ་ཉིད་ནི་བདག་ལ་སྙིང་ཉེ་ཞིང་།

བྱ་ཡི་རིགས་ཅན་དག་ནི་མདུང་རྩེར་ཤི།

དངོས་ཆས་མཐའ་དག་ལྷམ་གྱི་ཁ་འོག་ཞིག །

བརླ་བརྡུང་། མཁར་ཉང་རོ་ཤམ་པོ་རྨེག་མེད་དུ་བཏང་།

སྤུར་བཏབ། གྲི་གུམ་བཙན་པོའི་བང་སོ་ལྷ་རི་གྱང་ཐོ་བླ་འབུབས་ལ་བཏབ་པ་ལའོ།

འོ་དེ་མེད། ཡབ་ཀྱི་སྤུར་བཟུང་བའི་ཀླུ་འོ་དེ་རིང་མོ་མེད་ཅེས་པའོ།

སྤུ་དེ་མེད་ སྤུ་རྒྱལ་གྱི་དགྲ་ལྷ་ལའདེ་བླ་གུང་རྒྱལ་ཏི་སེར་གཤེགས་པས་དེ་ཡང་མེད་དོ། ཞེས་ཀླུ་ལ་འཁངར་མཛད་པའོ། ( བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། ༡༢༡)ཞེས་བྲིས་ཡོད་པ་འདི་གཉིས་ཀྱི་ཚིག་རྐང་སྔ་མ་གཉིས་ལ་མི་མཐུན་པ་མེད་ན་ཡང་ཕྱི་མ་རྣམས་ལ་ཁྱད་པར་ཆེན་པོ་བྱུང་ཡོད། དེ་ལྟ་ནའང་མགུར་གླུ་དེ་གཉིས་ལས་དམིགས་བསལ་གྱིས་མཐོང་ཐུབ་པ་ནི་དཔེ་འཇོག་གི་རྣམ་པའི་སྒོ་ནས་་བརྗོད་འདོད་པ་དག་ཐད་གར་མགུར་གྱི་ཉམས་ལ་སྦྱར་ནས་བརྗོད་པ་དེ་རེད། དུས་རབས་བདུན་པར་བྱུང་བའི་མགུར་ལ་མཚོན་ན་དེ་ལས་ཅུང་ཙམ་གོ་སླ་བ་ནི་དཔེར་སྲོང་བཙན་གྱིས་དབའ་དབྱི་ཚབ་ལ་བླངས་པའི་མགུར།

“ཡར་མོ་ནི་ཆུ་ཐུངས་ཀྱིས།

མདོ་ནས་ནི་རྩང་དུ་བསྲིང་།

ཡར་མོ་ནི་ཞེང་ཆུངས་ཀྱིས།

ལྷོ་ན་ནི་མྱིས་མྱི་བརྗོད།

འགྲོ་འགྲོ་ནི་འཆམ་འཆམ་ན།

ཆགས་ལྷམ་ནི་ཆུས་མྱི་སྣང་།

ད་ནས་ནི་ཕན་ཆད་དུ།

ཁྱོད་ཀྱིས་ནི་ང་མ་གཏང་།

ང་འིས་ནི་ཁྱོད་གཏོང་ན།

དགུང་མཐའི་ནི་སྲུང་དུ་རུང་།

ཁྱོད་ཀྱིས་ནི་ང་བཏང་ན།

ངས་པོ་ནི་རྨད་དུ་རུང།”(བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོར་པར་དུ་བསྐྲུན། ཤོག་ངོས། ༦༩)

ཞེས་པ་འདི་དང་ཡང་བློན་དབྱི་ཚབ་ཀྱིས་སྲོང་བཙན་ལ་བླངས་པའི་མགུར།

“བཙན་དུ་ནི་བདག་འཚལ་ན།

ཆུང་ན་ནི་རྗེས་ཁུར་ཆིག །

ཕྱག་དུ་ནི་བདག་འཚལ་ན།

ལྷ་རི་ནི་གཡང་སྐྱོང་ཤིག །

རྗེ་ཡིས་ནི་བཀའ་སྩལ་ན།

གཞའ་མ་ནི་ཡུང་ཀྱི་སྲིང་།

བྱ་འིས་ནི་ཞུ་པུབ་ན།

ལ་པྱི་ནི་གདངས་སུ་དྲོ།”(བོད་ཀྱི་ཡིག་རྙིང་ཞིབ་འཇུག མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོར་པར་དུ་བཏབ། ཤོག་ངོས་ ༥༢༩)

འདི་ལྟ་བུས་མཚོན་ཐུབ་ཅིང་། ཕྱིས་སུ་བྱུང་བའི་མགུར་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱལ་བློན་དབར་གྱི་མགུར་ལ་དཔེ་འཇོག་སོགས་སྤྲོས་པ་ཉུང་ཞིང་བརྗོད་འདོད་པ་དག་ཐད་གར་བརྗོད་པའི་ཁྱད་ཆོས་མཐོང་རྒྱུ་ཡོད་པ་དང་། ཡང་བློན་པོ་ནང་ཕན་ཚུན་ལ་བཞེངས་བའི་མགུར་ལ་དཔེ་འཇོག་གི་རྣམ་གྲངས་ཤིན་དུ་མང་པོ་ཡོད་ཅིང་། མགུར་བཞེངས་པ་པོས་བརྗོད་འདོད་གཙོ་བོ་དེ་ཆེས་མཐའ་མར་འཇོག་པ་ཡིན། དཔེར་ན་མྱང་མང་པོ་རྗེ་ཞང་སྣང་གིས་བཙན་པོའི་ཐུགས་རེ་ལྟར་ཁྱུང་པོ་སྤུང་སད་ཟུ་ཙེའི་ཁེངས་དྲེགས་འཇོམས་ཕྱིར་བཞེངས་བའི་མགུལ།

ན་ནིང་ནི་གཞེས་ནིང་སྔ།

ཕོ་མའི་ནི་འབྲོང་བཀུཾ་བ།

ལྷོ་ཤིང་ནི་སྨྱུག་མོ་རྒྱལ།

ལྕགས་ཀྱིས་ནི་མ་དྲལ་ན།

སྨྱུག་གིས་ནི་རེ་མྱི་པུགས།

རྒོད་ཀྱིས་ནི་མ་བསྒྲོན་ན།

འབྲོང་ལ་ནི་རེ་མྱི་འཇེན།

ངས་པོ་ནི་ར་ཡུལ་གྱི།

ཀོམ་རྩེ་ནི་གཟིགས་མོ་རྒྱལ།

ཁབ་ཀྱིས་ནི་མ་པུག་ན།

རྒྱུས་ཀྱིས་ནི་རེ་མྱི་སུགས།

རྒྱུས་ཀྱིས་ནི་མ་དྲངས་ན།

ཀོམ་ཙེ་ནི་ཉིད་མྱི་འཇོ། (བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡་ལོར་པར་དུ་བཏབ། ཤོག་ངོས། ༧༣)

ཞེ་པ་ལྟ་བུ་འདི་དང་འདྲ་བའི་མགུར་གླུ་མང་པོ་ཞིག་ཡོད་ཅིང་། དེ་དག་གི་ཁྲོད་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་ཅུང་ཁྱབ་ཆེ་བ་ནི་༼ཨ་ཆགས་ཆགས་དགུ༽་དང་༼སྲིད་པའི་བ་ཆུང་བཤའ་གླུ།༽སོགས་ཡིན་ཞིང་། དེ་ནི་མགུར་གླུའི་འཕེལ་རིམ་གྱི་རྣམ་པར་མིའི་རིགས་ཀྱི་ཤེས་ཚད་ཡར་རྒྱས་ཀྱིས་ཤུགས་རྐྱེན་སྤྲད་པ་ཞིག་རེད་ཅེས་བཤད་ཆོག འདི་དག་དང་ཕྱོགས་མཚུངས་པའི་རྣམ་པ་བོད་ཀྱི་དམངས་གླུའི་ཁྲོད་དུའང་མང་པོ་མཐོང་རྒྱུ་ཡོད་ཅིང་། མང་པོ་ཡོད་པ་དེ་དག་ལ་ཐུན་མོངས་ཀྱི་ཁྱབ་བྱེད་ཅིག་ཡོད་པ་ནི་བོད་རང་སའི་ཚིག་གི་ཉམས་དང་དོན་གྱི་བྲོ་བ་མྱོང་རྒྱུ་ཡོད་པ་དེ་རེད། གོང་དུ་བཤད་པའི་གདོད་མའི་མགུར་གླུ་ལས་འཕོས་པའི་དེང་དུས་དམངས་ཁྲོད་ཀྱི་གླུ་གཞས་དག་ལ་རིག་པའི་གཞུང་ལུགས་ཤིག་གིས་སྤྲས་ནས་ཡོད་པ་ནི་དཔེར་ན། དབུས་གཙང་གི་ཚིག་རྒྱག་དང་མདོ་སྨད་ཀྱི་གླུ་ཤགས་ལྟ་བུར་མཚོན་ན་རང་གི་ཁ་གཏད་ལ་དགོད་བྲོ་བོའི་ཉམས་དང་བསྲེས་ནས་མཚང་འབྱིན་དང་མཐོང་ཆུང་གི་རྣམ་པ་སྟོན་པ་ དཔེར་ན་དབུས་གཙང་གི་ཚིག་རྒྱག

ཡ་གིའི་སྟེང་ཕྱོགས་ལྷ་ཡུལ།།

སྐྱིད་པོ་རང་ད་ཨེ་ཡོད།།

གྲགས་ཆེན་བླ་མ་རྣམས་ཀྱང་།།

ཕྱི་བལྟས་བསློགས་ནས་བཞུགས་ཤག །

མ་གིའི་དམྱལ་བའི་གཏིང་ལ།།

སྡུག་པོ་རང་ད་ཨེ་ཡོད།།

མི་ཆེན་དཔོན་པོ་རྣམས་ཀྱང་།།

འཚང་ཀ་བསྐྱོན་ནས་ཕེབས་ཀྱིས།།

ཞེས་པ་ལྟ་བ་དང་། ད་དུང་ཆང་གཞས་དང་ཁྲམ་གླུ། འབྲོག་གླུ། ལ་གླུ། མཛའ་གཞས་ལ་སོགས་རིགས་གཅིག་པ་ཅན་གྱི་ཐུན་མོང་གི་སྤྱི་མིང་དེ་དག་དང་། གཞན་ཡང་མདོ་སྨད་ཁུལ་དུ་དར་ཁྱབ་ཆེ་བའི་གླུ་ཤགས།

བན་སེར་མོ་དབུས་ལ་འགྲོ་ཉིན་མོ།

བན་ཆོས་ཡོད་མི་སྐྱིད་ཆོས་མེད་སྐྱིད།

དམར་ལྡེམ་མེར་གྲྭ་ཚང་འཚོགས་ཉིན་ན།།

མགོ་གཟན་གྱིས་དཀྲིས་ནས་གཉིད་རྐྱང་ཡིན།

སྟག་ཤ་ར་ཇག་ལ་འགྲོ་ཉིན་མོ།།

བུ་དཔའ་ཡོད་མི་སྐྱིད་དཔའ་མེད་སྐྱིད།།

གཞུག་ར་མདས་དེད་ནས་ཐོན་ཉིན་ན།།

མགོ་ལག་པས་སྐྱོར་ནས་འབྲོ་རྐྱང་ཡིན།།

མ་བུ་མོ་གནས་ལ་འགྲོ་ཉིན་མོ།།

མ་བཟང་མོ་མི་སྐྱིད་རུལ་མ་སྐྱིད།།

ཁྲ་ཆིལ་ལེ་མགྲོན་པོ་འཚོགས་ཉིན་ན།།

ལག་ཕུ་རུང་བྱས་ནས་འདུག་རྐྱང་ཡིན།།

ཞེས་པ་ལྟ་བུས་མཚོན་པའི་མགོ་རྩོམ་པའི་གླུ་དང་བསྟོད་གླུ་དང་ཁ་མཚར། སྨྲེང་གླུ། ལ་གཞས་ལ་སོགས་ཀྱང་གོང་དང་མཚུངས་པར་རང་རང་གི་སྡེ་ཚན་ཆེན་པོ་རེའི་སྤྱི་མིང་དུ་གྲུབ་ཡོད་པ་དེ་དག་ནི་དོན་གྱི་ཆ་ནས་སྙན་ངག་གི་གཞུང་ལུགས་ཤིག་གི་ངོ་བོར་གྲུབ་ནས་ཡོད་པ་སྟེ། དཔེར་ན་སྙན་གཞུང་དུ་མཚོན་ཐབས་མི་འདྲ་བའི་རིགས་ཚན་རེ་ལ་མིང་མི་འདྲ་བ་རེ་ཡོད་པ་བཞིན་འདི་ལའང་དེ་བཞིན་དུ་ཡོད་པ་ཡིན། དེ་བཞིན་དུ་རིགས་ཚན་མི་འདྲ་བ་འདི་དག་ལ་རང་རང་གི་གོ་རིམ་ཡང་ངེས་ཅན་ཞིག་ཡོད་པ་ཡིན་ཏེ། དཔེར་མདོ་སྨད་ཁུལ་ལྟ་བུར་མཚོན་ན་ལོ་སར་སོགས་སྤྲོ་སྐྱིད་ཀྱི་དུས་ཚིགས་ཆེན་པོ་རེ་རེའི་སྐབས་སུ་ལུགས་སྲོལ་འདི་ལག་ལེན་དུ་བསྟར་བ་ཡིན་ཏེ། ཆེས་ཐོག་མར་གླུ་སྒོ་འབྱེད་པ། དེ་ནས་བསྟོད་གླུ། སྨྲེང་གླུ། ཁ་མཚར། གླུ་ཤགས། བར་བཤོལ། ཆེས་མཐའ་མར་བཀྲ་ཤིས་འཇོག་པའི་གླུ་ལེན་པ་ཡིན་ཞིང་། དེ་དག་ལ་དོན་གྱི་ཆ་ནས་རང་རང་གི་མཚན་ཉིད་དམ་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་པ་ཡིན། དེར་བརྟེན་འདི་ནི་སྙན་ངག་གི་གཞུང་ལུགས་ཤིག་ཡིན་པར་མ་ཟད་དམངས་ཁྲོད་ནས་སྐྱེས་ཤིང་དམངས་ཁྲོད་དུ་ཁྱབ་པའི་གཞུང་ལུགས་ཤིག་ཡིན་པས་ཡིག་རྨོངས་ཡིན་མིན་ལ་ཁྱད་པར་མེད་པར་བློ་ལ་ངེས་ཤིང་ངག་ལ་བྱང་ནས་ཡོད་པ་རེད། དེར་མ་ཟད་སྟོན་བཤད་དང་སྐྲ་བཤད། རྟག་བཤད་འབྲས་དཀར་གྱི་བཤད་པ་ལ་སོགས་་བོད་ཀྱི་ཡུལ་ལུང་སོ་སོར་ཁྱབ་པའི་སྙན་ངག་གི་རྣམ་གྲངས་མཐའ་ཡས་པ་འདི་དག་ཚང་མ་རང་རང་གི་གཞུང་ལུགས་ཤིག་གི་རྨང་གཞིའི་སྟེང་གྲུབ་ནས་ཡོད། རྒྱུ་མཚན་དེའི་ཕྱིར་དེ་དག་ནི་སྙན་ངག་མེ་ལོང་མ་བོད་དུ་མ་དར་བའི་སྔོན་གྱི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་དེ་ཡིན་ལ། དེ་དག་ལ་རིགས་ཚན་སོ་སོར་དབྱེ་བའི་དམངས་ཁྲོད་ཀྱི་ལུགས་སྲོལ་དེ་ནི་བོད་རང་ས་ནས་དར་བའི་སྙན་ངག་གི་གཞུང་ལུགས་དེ་རེད། འགའ་རེས་(“གླུ་དེ་དག་ནི་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་ལག་ལེན་ཁྲོད་ནས་བྱུང་བར་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་འཕེལ་རྒྱས་བྱུང་སྟེ་རྣ་བར་སྙན་ཞིང་ཡིད་འཕྲོག་པ་དང་། ཉམས་དང་འགྱུར་བ་དུ་མ་དང་ལྡན་པ། རྒྱན་སྣ་ཚོགས་པས་ཕྱུག་པའི་རྩོམ་རིག་གི་རྣམ་པ་ཞིག་ཏུ་གྱུར་ཏེ་བོད་རིགས་མང་ཚོགས་ཀྱི་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ན་ཡང་། དེ་ལ་རིགས་པའི་གཞུང་ལུགས་ཤིག་ད་དུང་བྱུང་མེད་པ་ལྟ་བུ་རེད།” དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོར་པར་དུ་བཏབ། ཤོག་ངོས། ༣༤༩ )མེ་ལོང་མ་བོད་ལ་མ་དར་བའི་སྔོན་དུ་བོད་རང་ལ་ངག་ཐོག་གི་སྙན་ངག་ཡོད་ཀྱང་སྙན་ངག་གི་གཞུང་ལུགས་ཟེར་བ་ཞིག་མེད་པར་འདོད་ནའང་དེར་གཞུང་ལུགས་ཡིན་མིན་གྱི་ཚད་གཞི་ཞིག་གི་སྟེང་ནས་ཞིབ་ཚགས་ཀྱི་དཔྱད་པ་བྱས་མི་འདུག དེ་བས་ཁོ་བོས་བསམ་ན་ངག་ཐོག་གི་སྙན་ངག་ཡོད་པ་ཇི་བཞིན་ངག་ཐོག་གི་སྙན་གཞུང་ཡང་ཡོད་ན་ཅི་སྐྱོན་དེ་སྙན་གཞུང་ཟེར་བ་ངེས་པར་དུ་ཡིག་གེར་འཁོད་པ་ཞིག་ཡིན་དགོས་པའི་གཏན་ཚིགས་མེད་པའི་ཕྱིར་དང་། གཞུང་ལུགས་ཤིག་ཡིན་མིན་གྱི་ཚད་ཅིག་གི་ཐོན་ནས་བཤད་ནའང་བོད་ཀྱི་དམངས་སྲོལ་འདི་དག་གཞུང་ལུགས་ཤིག་མ་ཡིན་པའི་སྒྲུབ་བྱེད་ཅི་ཡང་འཆད་མི་ནུས་པས་སོ།

ཞར་བྱུང་དུ་བཤད་པ། བོད་དུ་སྙན་ངག་མེ་ལོང་མ་དང་སྙན་ངག་དུས་གཅིག་ཏུ་བྱུང་བར་འདོད་པ་དག་ནི་མཐར་གཏུགས་ན་སྙན་ངག་ཟེར་བ་ཅི་ཞིག་ལ་ངོས་འཛིན་དགོས་པའང་མ་ཤེས་པའི་མངོན་རྟགས་ཙམ་ལས་ཅི་ཡང་མིན་ཏེ། སྙན་ངག་མེ་ལོང་མའི་མཚན་ཉིད་ཀྱིས་གཞལ་ནའང་འདི་དག་སྙན་ངག་མིན་པའི་སྒྲུབ་བྱེད་ཁབ་ཀྱི་རྩེ་མོ་ཙམ་ཡང་སྟོན་མི་ཐུབ་པའི་ཕྱིར། གལ་ཏེ་འདི་གཉིས་ལ་ཁྱད་པར་ཞིག་འཇོག་དགོས་ན་ངག་ཐོག་དང་དཔེ་ཐོག་གི་ཁྱད་པར་རམ་ཡང་ན་དམའ་རིམ་དང་མཐོ་རིམ་གྱི་སྙན་ངག་གི་ཁྱད་པར་ཙམ་འཇོག་ན་མ་གཏོགས་གཞན་གང་ཡང་མེད་དོ།

ཡིན་ན་ཡང་དེང་སང་ཤེས་ཡོན་ཅན་ཡིན་ཟེར་མཁན་འགའ་རེས་གླུ་གཞས་གསར་རྩོམ་བྱེད་སྐབས་མེ་ལོང་མའི་མགོ་རྐང་དང་དབང་པོ་སོགས་གང་ཐུབ་ཅི་ཐུབ་ཀྱིས་བར་ཡོད་ཚད་ལ་བཙན་གྱིས་སྦྱོར་ཐབས་བྱེད་པ་ནི་བོད་རང་གི་སྙན་ངག་གི་གོ་ས་འགོག་པའི་བྱེད་སྟངས་འཇིགས་སུ་རུང་བ་ཞིག་ཡིན་པར་མ་ཟད་གླུ་གཞས་དང་བོད་མི་མང་གི་བར་ཐག་ཇེ་རིང་དུ་གཏོང་བའི་བྱ་བ་ཉེན་ཁ་ཅན་ཞིག་ཀྱང་རེད། དེ་ལས་ལྡོག་སྟེ་བོད་སྐད་གཙང་མ་དང་བོད་ཉམས་རྣལ་མ་ཐོན་པའི་གླུ་གཞས་དག་ནི་བོད་མི་མཐོ་དམན་བར་གསུམ་དང་ཡིག་རྨོངས་ཡིན་མིན་ཐམས་ཅད་ཀྱིས་མྱོང་ཐུབ་པའི་ཐུན་མོང་སྙན་ངག་གི་སྒྱུ་རྩལ་ཞིག་ཡིན་པས་དེ་ཉིད་དར་ཁྱབ་དང་རྒྱུན་གནས་ཐུབ་པར་དེ་ཙམ་གྱི་བཀག་རྒྱ་ཡོད་མི་སྲིད་དེ་དཔེར་ན་ཚང་དབྱངས་རྒྱ་མཚོའི་མགུར་གླུ་ལྟ་བ་རེད། འོན་ཀྱང་ཚང་དབྱངས་རྒྱ་མཚོའི་མགུར་གླུ་འདི་རྒྱལ་དབང་རང་ཉིད་གཅིག་པུར་ཡོད་པའི་ཁྱད་ཆོས་ཤིག་མ་ཡིན་ཏེ། གཙོ་བོ་ནི་ཡུལ་སྲོལ་གྱི་རྨང་གཞི་ཡག་པོ་ཞིག་ཡོད་པ་དེ་རེད། ཁོང་གི་འཁྲུངས་ཡུལ་མོན་གྱི་ས་ཁུལ་དང་དེ་དང་ཐག་ཉེ་བའི་ཀོང་པོའི་ས་ཁུལ། གཞན་ཡང་མདོ་ཁམས་མི་ཉག་དང་ལི་ཐང་སོགས་ལ་འདི་ལྟ་བུའི་ཉམས་འགྱུར་གྱིས་ཕྱུག་པའི་དམངས་ཁྲོད་ཀྱི་གླུ་གཞས་ཤིན་ཏུ་མང་ཞིང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གྲས་སུ་བགྲང་བའི་་གླུ་གཞས་མང་པོ་ཞིག་ཀྱང་མོན་ཡུལ་གྱི་དམངས་ཁྲོད་དུ་རྒྱུགས་ཆེ་བའི་རིགས་ཡིན་མོད། འོན་ཀྱང་་ཁོང་ཚོས་འདི་དག་ཚང་དབྱངས་རྒྱ་མཚོའི་གསར་རྩོམ་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། དེ་བཞིན་དུ་ལྷ་སའི་དམངས་ཁྲོད་དུའང་ཤིན་ཏུ་སྙན་ཞིང་དགོད་བྲོ་བ། གནད་ལ་འཕིགས་ཤིང་གོ་བདེ་བའི་གཞས་སྣ་ཚོགས་ཡོད་པ་སོགས་ནི་སྙང་ངག་མེ་ལོང་མར་སྦྱངས་བ་བྱས་ནས་གསར་རྩོམ་བྱས་པ་ཞིག་མ་ཡིན་པར། འཚོ་བ་དངོས་དང་ཚོར་བ་དངོས་ཀྱི་གཙུབ་བདར་ལས་བྱུང་བའི་བོད་རང་གི་སྙན་ངག་རྣལ་མ་དེ་རེད། མདོར་ན་སྐད་ཆ་དེ་རང་ཉིད་ཀྱི་སྐད་ཆ་ཡིན་ཞིང་བརྗོད་བྱ་དེ་ཡང་རང་ཉིད་ཀྱི་འཚོ་བ་ཡིན་ན་དེ་ནི་ཁྱོད་ཀྱི་སྙང་ངག་ངོ་མ་དེ་རེད། དེར་བརྟེན་བོད་ཀྱི་གླུ་གཞས་ནི་བོད་ཀྱི་རྩམ་པའི་འཚོ་བ་ཁོ་ན་ལས་བྱུང་བ་་ཡིན་པས་རྒྱ་གར་གྱི་རྡ་ལི་དང་འབྲེལ་བ་ཅུང་ཟད་ཙམ་ཡང་མེད་ལ། སྙན་ངག་མེ་ལོང་ནི་རྒྱ་གར་གྱི་ཚ་བའི་མེ་ཕུང་ལས་བྱུང་བ་ཡིན་པས་བོད་ཀྱི་གངས་རི་དང་འབྲེལ་བ་གཏན་ནས་མེད། གལ་སྲིད་ཚ་བའི་མེ་ཕུང་འདི་ཁ་བའི་འདབས་མ་དང་གཞི་གཅིག་ཏུ་བསྲེ་བར་འདོད་ན་དེ་ནི་བླུན་ཚུགས་ཁོ་ནའོ།

ཤེས་རབ་དགེ་ལེགས། བཞུགས་གནས། ཝཱ་ར་ཎ་སི། (རྨུ་ཐག་གིས་སྦྲེལ་བའི་གནམ་ས།)སོགས་ཀྱི་རྩོམ་པ་པོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *