༓ ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་མི་སྡེའི་སྤྱི་ཚོགས་ཀྱི་ལམ་བུ།

རྩོམ་ཡིག་འདི་ཐེངས། 950 བཀླགས་འདུག

ཐོག་མའི་གླེང་གཞི།

གནའ་དེང་གང་གི་སྐབས་ཡིན་ཡང་རུང་སྟེ། དུས་རབས་སོ་སོ་དང་སྤྱི་ཚོགས་སོ་སོའི་དོན་དངོས་ཀྱི་གནས་ཚུལ་ནི། དུས་རབས་དེ་དག་ཏུ་འཚོལ་ཞིབས་སྤྱི་ཚོགས་དེ་དག་ཏུ་གནས་པའི་མི་རིགས་དག་གི་ཉིན་རེའི་འཚོ་བ་དང་འཆར་ཡར་གྱི་དཀའ་སྡུག་རྙོག་འཛིང་ཀྱི་ངོས་ནས་བལྟས་ཏེ་མི་ཉུང་བ་ཞིག་ཤེས་ཐུབ་བ་ངས་གླེང་ག་ལ་དགོས། དུས་རབས་ཉིར་གཅིག་པའི་ཁྲོད་དུ་མི་གསོད་རྐུན་འཕྲོག། མགོ་སྐོར་དང་གཡོ་སྒྱུ།
གཞན་ལ་གནོད་འཚེ། ཉམ་ཆུང་ལ་མཐོང་ཆུང་དང་། སྤྱི་སེམས་བྲལ་བ། ཆང་རག་ལ་ངན་གོམས། སྤྱི་དོན་སྣང་མེད། དུག་རྫས་འཐེན་པ།  ངན་སེམས་དང་ཕྲག་དོག འགྲན་སེམས་དང་འཇིགས་སྣང་སོགས་མང་པོ་ཞིག་འགྲོ་བ་མིའི་གཞི་རྩེའི་སྙིང་རྗེ། བཟོད་བསྲན། བྱམས་བརྩེ་ཡོད་ཚད་གཏོར་དེ་འཇིགས་སྣང་དང་དངངས་འཚབ་ཆེ་བའི་འཇིག་རྟེན་ཞིག་བསྐྲུན་ཟིན། ད་དུང་ཕ་མས་བུ་ཕྲུག་བསད་པ་དང་བུ་ཕྲུག་གིས་ཕ་མ་བསད་པའི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། འདི་ལྟར་བསམ་བློ་རེ་བཏང་ནས་སྨྱུ་གུ་ལག་ཏུ་འཆང་དུས་ལག་འདར་བྱེད་ཞིང་སེམས་ཁུང་ནས་ཅི་ཞིག་བརྗོད་དགོས་བའང་མ་ཤེས། རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེ་ན། ཆོས་ལུགས་མང་དྲགས་པའི་ཡང་དག་གི་ལྟ་གྲུབ་མ་རྟོགས་པར་ཕྱོགས་ཞེན་ཁོ་ནའི་རྨོངས་དད་ཡིན་ནམ། ཡང་ན་འགྲོ་བ་མིའི་བཅོས་མེད་ཀྱི་རང་གཤིས་ཡོད་ཚད་ཚན་རིགས་ཀྱི་དབང་དུ་ཤོར་སོང་བ་རེད་དམ། ཁ་དཔེར་ལ་ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་དང་འདྲ་བ་ང་ཚོ་སྐྱེས་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་།ཨ་མའི་བྱམས་བརྩེ་མི་དགོས་པའི་མི་ཞིག་སྐྱེས་མེད། ཨ་མའི་ལྷན་སྐྱེས་ཀྱི་བྱམས་བརྩེ་དང་། བརྩེ་སེམས་སོགས་ནི་ཆོས་ལུགས་ཀྱི་མཚམས་ལས་འདས་པས། འདི་ལ་སྒྲིག་གཞི་དང་ཕྱོགས་ཞེན་གྱིས་རྣམ་པ་གང་ཡང་མེད་པར་གསལ་པོ་རེད།འོན་ཀྱང་འཇིགས་སྣང་དང་བློ་ཚབ་བྱེད་དགོས་པ་ནི་འགྲོ་བ་མིའི་རིགས་ལ་གཞི་རྩའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་མེད་པའི་ཆུང་བྱིས་པའི་སྐབས་ནས་གཞན་ལ་བརྩེ་དུང་དང་། བྱམས་སེམས། བཟོད་སྒོམ་སོགས་ཆོས་དང་མ་འབྲེལ་བའི་འགྲོ་བ་སེམས་ཅན་ཀུན་ལ་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རིགས་དང་བསམ་བློ་དག་རིམ་བཞིན་རྩ་མེད་དུ་འགྲོ་བའི་དུས་རབས་ལ་སླེབས་ཡོད་པ་མིག་མཐོང་ལག་ཟིན་རེད ། དེ་ཡང་རྒྱུ་མཚན་ལ་བསམ་བློ་བཏང་ན་ང་ཚོ་འགྲོ་བ་མི་སུ་དང་སུ་ཡིན་ཡང་ཆོས་ལུགས་ལ་མ་བརྟེན་པར་ཞི་བདེ་དང་བག་གཡེང་ངང་ནས་གནས་ཐུབ་པ་གསལ་པོ་ཡིན་ཀྱང་གཞི་རྩའི་བྱམས་དང་སྙིང་རྗེ་མེད་སོང་ན་ང་ཚོས་གོ་ལ་འདིའི་ངོ་བོ་གང་ལ་འགྱུར་བའམ་ཡང་ན་སྤྱི་ཁྱབ་ཀུན་ཕན་གྱི་བསམ་བློ་མེད་པའི་རང་རེའི་སྤྱི་ཚོགས་ནི་མ་འོངས་གང་ཞིག་གི་ཁ་ཕྱོགས་སུ་འགྱུར་འགྲོ་མིན་དངོས་ཡོད་ཀྱི་སེམས་འཚབ་བྱེད་དགོས་པ་ཞིག་ཡིན་པས་འདིར་གུས་མོའི་གླེང་བར་བྱ་བ་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་བསམ་བློ་སྨྲ་བ་(༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་མི་སྡེའི་སྤྱི་ཚོགས་ཀྱི་ཕན་ནུས་)་སྐོར་ནས་ཅུང་ཙམ་བཤད་པར་སྤྲོ།

དང་པོ། ཆོས་ལུགས་ཞེས་པའི་དོན་དངོས་ཅི་ལ་གོ་དགོས་སམ།

སྤྱིར་ཡིན་ན་དྲང་བདེན་དང་གནས་ལུགས་རྟོགས་པའི་སྤྱི་ཚོགས་གྱི་ལྟ་ཚུལ་ནང་ཆོས་ལུགས་དག་ཕན་ཚུན་མི་མཐུན་པ་དང་རྩོད་རྙོག་གང་ཡང་མེད་ལ་སྔར་ཡོད་ཀྱི་ཆོས་ལུགས་ཆེ་ཁག་དམིགས་ཡུལ་དང་ཕུགས་འདུན་ཡོད་ཚད་ནམ་འོག་གི་འགྲོ་བ་མིའི་ཁྱད་ཆོས་དང་སྤྱོད་བཟང་དག་མི་ཉམས་གོང་འཕེལ་གཏོར་རྒྱུ་དང་། ང་ཚོ་ལ་ཆེས་གལ་གནས་ཆེ་བའི་བྱམས་སྙིང་རྗེ་དང་། བཅོས་མེད་ཀྱི་བཟོད་པ། ལྷག་བསམ། མི་སྒེར་གྱི་རང་ཚུགས་ཀྱི་ལྟ་བ་ཡང་དག་རྣམས་གཅེས་སྐྱོང་ལ་དམིགས་ཡོད་པ་གསལ་པོ་རེད། འོན་ཀྱང་མི་དང་མིའི་བར་ན་གནས་ལུགས་དང་ཕྱོགས་རེས་མེད་པའི་ཆོས་ལུགས་ཤིག་བསྐྲུན་ག་ལ་ཐུབ་བམ།ད་དུང་སྔར་མེད་ཀྱི་གནས་ལུགས་དང་ལྟ་གྲུབ་མེད་པའི་ལམ་དང་ལུགས་སྲོལ་ཅི་མང་ཞིག་བསྐྲུན་ནས་མི་དང་མིའི་བར་ན་རྒྱང་ཐག་གིས་འགལ་ཟླ་བཟོས། དཔེར་ན།ཡར་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་མར་ངན་སོང་ལ་སྤྱིན་པ་གཏོང་བཞིན་ཆེས་བཟང་དུས་བཟང་འགའ་ལ་ཁ་བཏོད་དང་སྐུ་གསུངས་ཐུགས་རྟེན་སྣ་མང་སྒྲིག་གཤོམ་བྱས་ནས་ང་ནང་པ་དང་ཆོས་པ་ཡིན་པའི་སྤོབས་པ་དང་དགའ་བ་སྣང་ཡོད། འོན་ཀྱང་བྱ་སྤྱོད་དེ་འདྲ་གནང་མཁན་བོད་ཙམ་མ་ཟད་ཡེ་ཤུའི་ཆོས་པ་དག་གིས་དུས་བཟང་གི་གཟའ་ཉི་མར་མཛེས་སྡུག་ལྡན་པའི་ལྷ་ཁང་ནང་ནས་ལུས་ལ་གོས་དཀར་གྱོན་ནས་རང་ཉིད་ཡེ་ཤུའི་ཆོས་པ་ཡང་དག་ཞིག་ལ་ངོས་འཛིན་གནང་བཞིན་ཡོད། རེད་དེ་ཆོས་ལུགས་ངོ་མ་དེ་ཕྱག་དང་མཆོད་པ་སྨོན་ལམ་ཙམ་ཞིག་གཏད་ནས་མིན་པ་མ་ཟད། དེ་ཡང་གོང་ས་མཆོག་གིས་ཆོས་ལུགས་ངོ་མ་དེ་བྱམས་དང་སྙིང་རྗེས་སྒོམ་པ་དང་། བཟོད་སྒོམ། དེ་བཞིན་ཆོག་ཤེས་བསྟེན་པ་སོགས་ཡིན་པ་སོགས་བཀའ་སློབ་རབ་དང་རིམ་པ་གནང་ཡོད།ད་དུང་གནས་དོན་གང་ཡིན་ཀྱང་རྒྱུ་མཚན་ལ་བསམ་བློ་བཏང་ནས་སེམས་ལ་ངེས་པ་བསྐྱེད་ཐབས་ཤིག་བྱེད་ཐུབ་པ་དེ་ཆོས་ལུགས་ངོ་མ་ཡིན་ཞེས་སངས་རྒྱང་ཁོང་གི་ཞལ་ནས་གསུངས་ཡོད། འོན་ཀྱང་མ་ཤེས་རྨུངས་པའི་དབང་གིས་ཁས་ལེན་དང་།ཡིད་ཆེས་རྨོངས་དད་སོགས་མང་དྲགས་ན་ས་སྒང་འདི་ནས་ནམ་ཡང་ཡར་ཐོན་དང་སྤྱི་ཚོགས་ཚད་ལྡན་ཅན་གྱི་ངོ་བོ་ཞིག་ལ་ནམ་ཡང་མི་འགྲོ་བར་གྱོང་གུད་དང་ནོར་འཁྲུལ་མང་བའི་སྤྱི་ཚོགས་ཤིག་ལས་ལྟ་ཅི་མོས། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ཚོའི་ཆོས་ལུགས་ངོ་མ་དེ་ལག་ལེན་ཇི་ལྟར་བྱེད་སྟངས་ཀྱི་ལམ་སྟོན་གནང་ཟིན་པས་དཔེར་ན། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་པར་ལྟར་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ཤིག་ནས་ང་ཚོས་ངེས་པར་ཏུ་རང་ཉིད་ཀྱིས་བརྟག་དཔྱད་བྱས་ནས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་ཐོག་ནས་ནམ་ཞིག་རང་སེམས་ཀྱི་འདོད་ཆགས་ཞེ་ལྡང་ཀུན་གྱི་རྩ་བའི་གཉེན་པོ་བསྟན་སོང་ན་ད་གཟོད་ཆོས་ལུགས་ངོ་མ་རང་གཤིས་སུ་རྟོགས་ཟིན་པ་རེད།

གཉིས་པ། ཆོས་དང་མ་འབྲེལ་བའི་འཇིག་རྟེན་སྤྱིའི་བཟང་སྤྱོད་ལ་བལྟ་བ།

ཆོས་དང་མ་འབྲེལ་བའི་ལྟ་གྲུབ་དེ་ནི་རྙོག་གཏམ་དང་ཁ་དཔེར་ཙམ་ག་ལ་ཡིན་སྟེ།  དེ་ལས་ལྡོག་སྟེ། འདི་ནི་ལོ་རྒྱུས་ཀྱི་རང་གཞིན་ལྡན་ཞིང་རྒྱ་གར་སྤྱི་ཚོགས་ཁྲོད་དུ་དམིགས་བསམ་ཀྱི་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ཞི་བདེ་དང་མཐུན་སྒྲིལ་ཀྱི་སྒོ་ནས་གཅིག་མཚུངས་དང་འདྲ་མཉམ་ཐོག་ནས་ངོས་འཛིན་བྱ་བཞིན་པའི་ཡང་དག་གི་ལྟ་གྲུབ་ཞིག་ཡིན་པ་མ་ཟད།    སྔོན་བྱོན་མཁས་དབང་ཡོངས་དང་དགོས་སུ་ཕྱིར་རྗེས་ཀྱི་རླབས་ཆེན་མི་སྣ་གང་མང་ཞིག་གིས་མཛད་བཟང་ལ་བསྟེན་ནས་ད་བར་རང་རེའི་སྤྱི་ཚོགས་ལ་འབུར་དུ་ཐོན་པའི་མཛད་རྗེས་བླ་མེད་བཞག་ཡོད།   དཔེར་ན་བདག་ཉིན་ཆེན་པོ་མ་ཧ་གྭན་དྷི་མཆོག་ལ་མཚོན་ན་རང་ཉིད་ཀྱི་ཉིན་རེའི་ཁ་འདོན་སྐབས་སུ་ཆོས་ལུགས་རིགས་སུ་མ་ཆད་པའི་ཆོས་ལུགས་ཆེ་ཁག་ཚང་མའི་ཆོས་ཀྱི་བསྟོད་དབྱངས་དང་དཔེ་ཆ་ཀློག་གི་ཡོད་པར་ལོ་རྒྱུས་ཀྱི་བདེན་དབང་བྱེད་ཐུབ་ཀྱི་ཡོད་པ་གསལ་བོ་ཡིན་པ་མ་ཟད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ན་ཡང་བདག་ཉིད་ཆེན་པོ་ཁོང་གི་ལྟ་གྲུབ་འདི་གལ་ཆེན་དང་གནས་ལུགས་ལྡན་པའི་འགྲོ་བ་སེམས་ཅན་དག་གི་འདྲ་མཉམ་དང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སུ་ཁས་ལེན་གནང་བཞིན་ཡོད།  དཔེར་མཚོན་ཁོང་དང་ཁོང་ལྟ་བུའི་བདག་ཉིད་ཆེན་པོ་རང་རེའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་གང་ཉིད་ཀྱང་བོད་ཀྱི་སྤྱི་ཚོགས་ཙམ་མིན་པར་འཛམ་གླིང་རྒྱལ་སྤྱི་ཐོག་ཏུ་སྤྱི་ཚོགས་བརྟན་འཇགས་དང་ཞི་བདེ་ཅན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་དེ་མདོར་བསྡུས་ནས་བཤད་ན་༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་འཇིག་རྟེན་སྤྱིའི་བཟང་སྤྱོད་ཞེས་པ་འདི་ཡང་གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་ཀྱི་ཡོད་ཞེས་གསུངས་ཡོད། ད་དུང་ ད་བར་ཆོས་བྱེད་མཁན་དང་ཆོས་ཁས་ལེན་མིན་ལ་མ་བསྟོས་པར་སྤྱི་ལ་དམིགས་ནས་ས་སྒོང་རིང་མོ་འདིའི་ཐོག་ལ་སྔར་མེད་རིང་ལུགས་འདི་ཆོས་ལུགས་མེད་པར་བཟོ་ཕྱིར་ནམ་ཡང་མ་ཡིན་ལ།འདི་ནི་རང་ཅག་འགྲོ་བ་མི་གཅིག་ཡིན་པ་དང་རེག་ཚོར་གྱི་མྱོང་བ་མི་གཅིག་ཀྱང་ཐམས་ཅད་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པས་ཐོག་ནས་བཤད་ཀྱི་ཡོད་པ་ངའི་གླེང་ག་ལ་དགོས། གཟུགས་དང་ཤ་མདོག་མི་གཅིག་ཀྱང་གཞི་རྩའི་ཨ་མས་བྱམས་བརྩེ་དང་འོ་མ་ལས་གསོ་བ་གཅིག་འདྲ་རེད། དེ་ལྟ་བུར་སེམས་ཅན་ཐབས་ཅད་ཀྱང་ཞི་བདེ་དང་བདེ་སྐྱིད་ངང་འཚོར་འདོད་པ་ཡང་གཅིག་མཚུངས་རེད། དེ་ཡང་བཟང་སྤྱོད་དང་ལྷན་སྐྱེས་སུ་ཡོད་པར་དག་དར་སྤེལ་གཏོང་ཐབས་སུ་མི་གཅིག་ཙམ་མ་ཡིན་འགྲོ་བ་ཞིག་ཡིན་པར་ཚང་མ་ལ་འགན་ཡོད།དེ་ཡང་རྒྱུ་མཚན་ལ་བསམ་བློ་བཏང་ན་གོ་ལ་ཟླུམ་པོ་འདི་ཐོག་ན་ཆོས་ལུགས་མེད་དང་ཆོས་དད་མེད་མཁན་དེ་བས་མང་། ད་དུང་ཆོས་ཞེས་ཐ་སྙེད་ཙམ་ཡང་མ་ཐོས་མཁས་མང་པོ་ཡོད། འོན་ཀྱང་ང་ཚོ་ལ་ཐོག་མ་ནས་ཡོད་པའི་གཞི་རྩེའི་དགོས་མཁོས་བྱམས་བརྩེ་དང་ཡིད་ཆས་སོགས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ངོ་མ་དེ་ཡིན་པས། ནམ་ཞིག་འདི་དང་ཁ་བྲལ་སོང་ན་ད་གཟོད་ང་ཚོ་གསོན་པོར་གནས་ཀྱང་ནམ་ཡང་བདེ་སྐྱིད་ཀྱིས་ཕོངས་པའི་ཁེར་རྐྱང་བདག་མེད་ཀྱི་མི་ཚེ་ཞིག་ཏུ་འགྱུར་བ་སྲིད། ༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་འཇིག་རྟེན་སྤྱིའི་བཟང་སྤྱོད་ལ་འདི་ཡང་མདོར་སྡུས་ན། རང་གི་ལུས་ལ་དཔེ་ལོངས་ལ།། གཞན་ལ་གནོད་པ་མ་བྱེད་ཅིག། མཚོན་ཆས་མི་འཇིགས་སུ་ཡང་མེད།། འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ།། ཞེས་བཤད་པ་ལྟར་ཆོས་ཁས་ལེན་མི་ལེན་ལ་མ་ལྟོན་པར་ཐབས་ཅད་སྤྱི་ཚོགས་སེམས་ཅན་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན་པས་ཐོག་ནས་གསུངས་ཀྱི་ཡོད་པར་བདག་གིས་འདིའི་གླེང་སློང་བྱེད་དགོས་དོན་ཡེ་ནས་མེད་དོ།

གསུམ་པ།  ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོས་པ་དང་ཁ་ཕྱོགས་གླེང་བ།

སྐབས་རེ་བསམ་བློ་ལེགས་པོ་མ་བཏང་བས་མི་མང་པོ་ཞིག་གིས་ཆོས་དང་མ་འབྲེལ་བའི་བསམ་ཚུལ་འདི་ཆོས་ལུགས་ཀྱི་འགལ་ཟླ་ལྟ་བུར་ཞིག་ཏུ་མཐོང་བ་དང་ཡང་འགའ་ཞིག་གི་ཆོས་ལུགས་ནི་རྙིང་ཞེན་ཅན་དང་། རྨོངས་དད་ཀྱི་ས་བོན། ད་དུང་འགྲོ་བ་མིའི་སྤྱི་ཆོགས་འཕེལ་རྒྱས་ཀྱི་འགོག་རྐྱེན་ཞིག་ཏུ་མཐོང་མཁན་ཡང་མང་། ཕྱོགས་གཅིག་ནས་བདེན་པ་ཡང་རེད་ལ་ཁ་ནང་དུ་འཁོར་ན་བལྟ་ན་འགྲོ་བ་སེམས་ཅན་ཞིག་ལ་མཆོན་ནས་བཤད་ནས་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད། གཞི་རྩ་འདི་ལ་བསམ་བློ་བཏང་ན་ཧ་ཅང་གསལ་པོ་རྟོགས་ཐུབ། ཆོས་ལུགས་ཀྱི་དངོས་ཡོད་དང་བློའི་འཆར་ཚུལ་གྱི་གནས་སྟངས་གཉིས་ཀའི་ཐོག་ནས་དཔྱད་ཐུབ་ན་འདི་ཆོས་ལུགས་ཡང་དག་གི་ལམ་བུ་ཡིན། འོན་ཀྱང་ལམ་བུ་འདི་ལ་ལག་ལེན་དང་དཔྱད་རྡར་བྱེད་མཁན་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ལ་དེ་ལས་ཡིད་ཕམ་པ་ཞིག་ལ་ངའི་ཆོས་ལུགས་དང་ཁྱེད་ཀྱི་ཆོས་ལུགས་ཞེས་དོན་མེད་སྤྱི་ཚོགས་དང་རྒྱལ་ཁབ། མི་དང་མིའི་བར་ནས་སྟོང་ཆ་དང་འགལ་ཟླ་བཟོས་ནས་སྔར་ཡོད་ཀྱི་ཞི་བདེ་དང་ལྷིང་འཇགས་ཡོད་ཚད་ཁ་གཏོར་བཏང་ནས་གསོད་རེས་དང་རྡུང་རེས་བྱེད་ནས་ཆོས་ལུགས་འདི་དམག་འཁྲུག་དང་རྩོད་རྙོགས་ཀྱི་ངོ་བོར་འགྱུར་སོང་བས་འགྲོ་བ་མིའི་རིགས་ལ་སྔར་མེད་ཀྱི་སྡུག་བསྔལ་ཞིག་དང་འཇིགས་སྣང་གི་སྤྱི་ཚོགས་ཞིག་བསྐྲུན་ཡོད། རྒྱུ་མཚན་དེ་དག་ལ་བསམ་བློ་རེ་བཏང་ན་ད་གཟོད་ཆོས་ལུགས་དང་རིགས་གཞུང་དུ་མ་འཛོམས་པའི་འཇིག་རྟེན་ཁམས་འདི་ལ་ཆོས་ལུགས་བྱེ་བྲག་པ་ཞིག་གི་ནམ་ཡང་ཡ་རབས་སྤྱོད་བཟང་ལྡན་པའི་གོ་ལ་གཅིག་གྱུར་ཞིག་རྒྱུ་དཀའ། གལ་ཏེ་འགྱུར་ཐུབ་ཀྱང་དེ་ལ་དམིགས་བསལ་ནུས་ཤུགས་དང་སྔར་མེད་ཀྱི་ཞི་བདེ་དང་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཞིག་བསྐྲུན་དཀའ།  གོང་གི་བཟོད་དཀའ་བའི་གནས་ལུགས་དང་སྤྱི་ཚོགས་ཀྱི་དཀའ་ངལ་དག་མི་དང་མིའི་གཞི་རྩེའི་བཟང་གཤིས་རྣམས་དར་སྤེལ་གཏོང་དགོས་པ་ཞིག་རེད་མ་གཏོགས་ཆོས་ལུགས་དང་ལྟ་གྲུབ་གང་ནས་དར་སྤེས་བཏང་དཀའ། སངས་རྒྱས་ཁོང་གི་ཀྱང་སེམས་འཚམས་དང་ འགན་འཁྲི་ལྡན་པའི་ཐོག་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(secular ethics) ཞེས་པ་ནི་གཙོ་བོ་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་སྤྱོད་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞི་རུ་གྱུར་པ་དེ་རྣམས་པ་ཡིན་ཞེས་གསུངས་ལྟར་ང་ཚོས་མི་རབས་གསར་བ་ཀུན་གྱི་རིག་པའི་ལམ་ནས་དཔྱད་དང་གནས་ལུགས་ཡང་དག་རྙེད་པའི་ཐོག་ནས་བསམ་བློ་རེ་བཏང་བ་དང་འགྲོ་བ་སེམམ་ཅན་ཀུན་ལ་ཕན་པའི་ལམ་བུར་ཞིག་བསྐྲུན་ཐབས་སུ་འབད་པ་བྱེད་དགོས།

བཞི་པ།  འགྲོ་བ་མི་ཞིག་གི་ངོས་ནས་ལྟ་གྲུབ་འདི་གཉིས་ཀྱི་གལ་གནས་གླེང་།

རྐང་གཉིས་ཡོད་ཀྱང་སྤོ་མི་ཤེས་མཁན་དང་བདེ་སྐྱིད་ཡོད་ཀྱང་མྱོང་མི་ཤེས་མཁན་ལ་སངས་རྒྱས་ཁོང་གི་ཞལ་ནས་ནང་བསམ་བློའི་རང་དབང་དེ་ཕྱི་དངོས་པོས་བསྐྲུན་མི་ཐུབ་པ་དང་བདེ་སྐྱིད་རྩ་བ་ཡོད་ཚད་ནང་བསམ་བློའི་རིན་ཐང་ལ་དཔྱད་བརྗོད་དགོས་པའི་གསུངས་གྱི་འབོད་སྒྲ་རེ་རེ་ཐོས་དུས་ད་གཟོད་སེམས་ཅན་དག་གཏི་མུག་གཉིད་ལས་སངས་ཏེ་རང་གི་རང་ལ་སྔར་ཡོད་ཀྱི་དངངས་འཚབ། འཇིགས་སྣང་། ཞེ་སྡང་སོགས་ཇི་ཉུང་དང་འགྲོ་བ་སྤྱི་ལ་ཕན་པའི་ཕྱག་ལས་གནང་མཁན་ཇི་མང་དུ་འགྲོ་ཞིང་ཡོད། གོང་ས་མཆོག་གི་ནང་སེམས་ཀྱི་ཞི་བདེ་དང་བདེ་བ་ཞེས་པ་འདི་ཕྱི་དངོས་པོ་དང་ཆོས་ཁོ་ན་ནས་གྲུབ་མི་ཐུབ་པར་ནང་སེམས་ཀྱི་རིན་ཐང་ལ་རྟོགས་དཔྱོད་བྱེད་ནས་རྒྱུ་མཚན་ལྡན་པའི་སྒོ་ནས་དཔྱད་པ་དང་། དངོས་ཡོད་དང་བློའི་འཆར་ཚུལ་གྱི་གནས་སྟངས་གཉིས་ཀའི་ཐོག་ནས་དཔྱད་དགོས་པ་དང་ཚན་རིག་གི་དུས་རབས་འདིར་སྔོན་དང་མི་འདྲ་བར་འགྲོ་བ་མིའི་ནང་སེམས་ཀྱི་གནས་བབས་སྐར་ཆ་རེ་རེ་ཞིང་ཛ་དྲག་དུ་ཕྱིན་ཡོད་ཞེས་གསུངས་ཡོད། རྒྱུ་མཚན་ཡང་ང་ཚོ་ཚང་མའི་རེ་བ་དང་རྨི་ལམ་བདེ་སྡུག་ཡོད་ཚད་ཆོས་ལུགས་ཁོ་ན་ལ་བཅོལ་དྲགས་པས།  གནས་ལུགས་འདི་དག་གི་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དགོས་ཡང་ཆོས་པ་དང་ནང་པ་ཁོ་ན་ལ་དམིགས་པ་ཞིག་ནམ་ཡང་མིན་པས་རེག་ཚོར་གྱི་མྱོང་བ་ལྡན་པའི་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གྱི་སེམས་ཅན་སྤྱི་ལ་བཟུང་བའི་བཅོས་མིན་གྱི་ལྷག་བསམ་དང་ཕྱོགས་སུ་མ་ལྷུང་བའི་བྱམས་སེམས་ཁོ་ན་དམིགས་ནས་གསུངས། ད་དུང་དུས་རབས་འདི་ནས་ང་ཚོ་ཚང་མ་ཆོས་ལུགས་མེད་པར་བྱ་གཞག་གང་ཡིན་ཡང་སྟངས་འཛིན་ཐུབ་ཀྱང་། ནང་སེམས་ཀྱི་རིན་ཐང་མེད་པར་ལས་དང་བྱ་བ་ཀུན་ལ་སྟངས་འཛིན་བྱེད་དཀའ། རྒྱུ་མཚན་དེ་དག་ལ་ཕྱི་མིག་ཞིག་བྱེད་ན་འདི་ལྟར་ནང་བསམ་བློ་ལ་སྟངས་འཇིན་ཡང་ཆོས་ལུགས་ཁོ་ན་ལས་བསྐྲུན་མི་དགོས་པར་གཞི་རྩའི་རང་རྒྱུད་ན་ཡོད་པའི་བྱམས་སྙིང་རྗེ་ལྡན་པའི་བྱ་སྤྱོད་ཞིག་དང་ལྷག་བསམ་རྣམ་དག་གིས་འགྲོ་བ་སྤྱིར་ལ་བློ་ཁ་ཕྱོགས་ཐུབ་སོང་ན། ད་གཟོད་མི་སུ་དང་སུ་ཡི་ཀྱང་ཕན་ཚུལ་བར་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་ལྷད་མེད་པ་ཞིག་ཆགས་རྒྱུ་རེ་བ་དང་ལམ་ཁ་ཡོད། རྒྱུ་མཚན་འདི་དག་ལ་བསམ་བློ་བཏང་ན་རྙིང་རྗེ་ནི་བཟང་སྤྱོད་ཀྱི་རྩ་བ་ངོ་མ་ཞིག་ཆགས་ཡོད།

མཇུག་གཏམ་སེམས་ཀྱི་རེ་འབོད།

༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་མི་སྡེའི་སྤྱི་ཚོགས་ཀྱི་ལམ་བུ་འདི་ཡང་གོ་ལ་ཟླུམ་པོའི་གང་ཐོག་གི་འགྲོ་བ་སེམས་ཅན་ཀུན་ལ་འབོད་ཀྱི་ཡོད། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གྱི་སྲོག་ལྡན་སྤྱི་ལ་འབོད་ཀྱོ་ཡོད། ལྷག་པར་ཏུ་སྤྱི་ཚོགས་དང་མི་རིགས་འདིེའི་ལམ་གྱི་སྣེ་ཁྲིུད་ཤེས་ལྡན་པ་དང་མཁན་པ་དག་ལ་འབོད་ཀྱི་ཡོད། མདོར་བསྡུས་ན། ཡ་རབས་བཟང་སྤྱོད་དང་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྣམས་གོང་སྤེལ་གཏོང་སླད། རང་ཉིད་ཀྱི་གོམ་པ་སྤོ་ཐེངས་འདིའི་ཆོས་ལུགས་ཀྱི་རྙོགས་འཛེང་དང་སྤྱི་ཚོགས་ཀྱི་བདེ་སྡུག་ལ་དམིགས་ནས་ཡང་དག་གི་གནས་ལུགས་དང་ཚད་མའི་རང་གཞིན་ལྡན་པའི་ཐོག་ནས་སང་ཉིན་གྱི་ཁྱིམ་གཞི་ལ་བདེ་སྐྱིད་ཀྱི་ས་བོན་འདེབས་དགོས །རྒྱུ་མཚན་གོ་ལ་ཟླུམ་པོ་འདི་བཟང་སྤྱོད་ཞི་བདེ་ཞིག་ཡོང་བར། རྒྱལ་ཁབ་འདིའི་མི་ཟེར་ཡིན་མིན་ལ་མ་ལྟོས་པར། ཆོས་ལུགས་བྱེ་བྲག་གི་ཁོངས་མི་ཡིན་མིན་ལ་མ་ལྟོས་པར། དུས་རབས་ཉི་ཤུ་རྩ་གཅིག་པའི་ཁྲོད་ཀྱི་རྒན་གཞོན་སུ་ཡིན་རུང་འུ་ཅག་ཚང་མ་ཁྱིམ་ཚང་གཅིག་གི་དུས་ཤེས་བཟུང་ནས་བདེ་སྐྱིད་དང་ཞི་བདེ་ལྡན་པའི་གོ་ལ་ཞིག་བསྐྲུན་རྒྱུ་ནི་མགོན་མོ་ཁོང་གི་རེ་བ་དང་རྨི་ལམ་ཡིན་ལ་འདི་ནི་ངའི་བཅོས་མེད་ཀྱི་རེ་སྐུལ་ཀྱང་ཡིན།

མདོར་ན། བསམ་ཞིང་བསམ་ན། ང་ཚོ་སུ་ཡིན་ཀྱང་ལས་རིགས་མི་འདྲ་སོ་སོར་འཚོ་ཡང་ཆོག། བསམ་བློ་དང་ལྟ་གྲུབ་མི་མཐུན་པར་རང་རང་ས་ནས་བཤད་ཆོག། འོན་ཀྱང་། འགྲོ་བ་མི་གཅིག་མཚུངས་ཞིག་ཡིན་པས་ཆ་ནས་ཆོས་དང་མ་འབྲེལ་པའི་གཞི་རྩེའི་དགོས་མཁོས་བྱམས་བརྩེ་དང་ཡིད་ཆེས་སོགས་ཁ་བྲལ་སོང་ན་ད་གཟོད་ང་ཚོ་སུ་དང་སུ་ཡིན་ཡང་གསོན་པོར་གནས་ཀྱང་ནམ་ཡང་བདེ་སྐྱིད་ཀྱིས་ཕོངས་པའི་ཁེར་རྐྱང་བདག་མེད་ཀྱི་མི་ཚེ་ཞིག་ཏུ་འགྱུར་སྲིད།

དཔྱད་གཞིའི་དཔེ་དེབ་འགའ་ཡི་མིང་གཞུང་བཀོད་པ།

  • ཆོས་ལུགས་ཀྱི་མཚམས་ལས་འདས་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།
  • Beyond Religion Ethics foe a whole world
  • སེམས་དང་ཚེ་སྲོག།
  • Mind and life
  • ༧གོང་ས་མཆོག་གི་གལ་ཆེའི་གསུངས་རྩོམ་ཁག།
  • Essential teaching of Dalai lama
  • བྱམས་བརྩེའི་ནུས་སྟོབས།
  • The power of compassion
  • །Ethics for the new millennium
  • The Art of happiness།
  • Kindness clarity and insight

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *