མཐུན་སྒྲིལ་གྱི་ལྟ་བ།
རྩོམ་ཡིག་འདི་ཐེངས། 632 བཀླགས་འདུག
དང་པོ། རྩ་བའི་སྡོམ་ཚིག་ལྟ་བུའི་ལེའུ།
ལུགས་གཉིས་ཀྱི་བསླབ་བྱ་གཞོན་ནུའི་མགུལ་རྒྱན་ལས། “གོང་འོག་ཀུན་དང་མཐུན་པར་བྱ། མི་ཐབས་ཀུན་གྱི་རྩ་བ་ཡིན།”ཞེས་པའི་རིན་བྲལ་རྩ་ཆེན་གྱི་དཔལ་ཡོན་ནམ། ནུས་ལྡན་གཟུགས་མེད་ཀྱི་ཐབས་ལམ་རྩ་བ་འདི་ནི། གནམ་འོག་གི་ཁོར་ཡུག་ལ་བརྟེན་པའི་འགྲོ་བ་རྣམས་ཇི་ལྟར་ཆགས་ཏེ་སྲིད་ནའང་འགྲོ་བ་དག་གི་ལྷན་སྐྱེས་ཀྱི་བསམ་བློ་ལས་མཆེད་པ་ཞིག་ཡིན་མོད། དེས་ན་སྣང་སྲིད་ཀྱི་སྣང་བརྙན་འདི་ཡི་གྲོལ་ཕུགས་ནི་གང་ཟག་གཅིག་གི་བཞེད་ཚུལ་ལྟར་འགྲོ་དཀའ་བ་བཞིན། མཐུན་སྒྲིལ་གྱི་ལྟ་བ་ཡང་འགོ་ཁུག་འདི་ནས་དབུ་བརྩམས་ཡོད་ཅེས་བཤད་སྒྲོས་ཀྱི་སྡོམ་རྩིས་ནི་ད་བར་བྱུང་མེད་པ་འདྲ། རགས་རིམ་ཙམ་གྱི་ཐོག་ནས་དེ་ལྟ་བུའི་ལྟ་བ་བྱུང་རབས་ལ་དཔྱད་ན། འཛམ་གླིང་ཁྱིམ་གཞི་འདིའི་སྟེང་ལ་འགྲོ་བའི་སྤྱི་ཚོགས་རྣམས་རིམ་བཞིན་ཆགས་ཏེ་བསམ་བློ་དང་། འཚོ་བའི་གོམས་གཤིས་སོགས་ཀྱང་འཕེལ་རྒྱས་སོང་བར་བརྟེན། སྡེ་ཚན་ཆེ་ཆུང་། གང་ཟག་སྟོབས་ཤུགས་འདྲ་མིན། དབང་ཤུགས་ཅི་རིགས། དེའི་དབང་གིས་འགྲོ་བ་ཕན་ཚུན་བརྡབ་གསིག་སྤྲད་པ་དང་། ཡང་ན། གཅིག་ཕན་གཉིས་གྲོགས་ཀྱིས་བདེ་སྐྱིད་འཚོ་བ་གནས་ཐུབ་པའི་མྱོང་ཚོར་གྱིས་ཁད་ཀྱིས་མཐུན་སྒྲིལ་གྱི་ལྟ་བ་མཆེད་འགོ་བརྩམས་ཞིང་། དང་ལེན་བྱ་དགོས་པའི་བསམ་བློ་ཞིག་བྱུང་བ་མིན་ནམ་སྙམ།
སྤྱིར་འཇིག་རྟེན་ཁམས་འདི་ན་འགྲོ་བ་སོ་སོའི་ལས་སམ། ཉེར་ལེན་རྒྱུ་རྐྱེན་གྱི་དབང་གིས་སྤྱི་ཚོགས་ཡག་སྡུག ཁོར་ཡུག་ཟབ་ཞན། རྒྱལ་ཁབ་ཆེ་ཆུང་། མི་རིགས་མང་ཉུང་། འགྲོ་བ་དྲག་ཞན་བཅས་བྱུང་དང་འབྱུང་བཞིན་ཡིན་པར་གདོན་མི་ཟ་མོད། འོན་ཀྱང་། དེ་དག་ལས་ཀྱིས་བསྐོས་ཞིང་སོ་སོའི་མཐུན་སྣང་དུ་གྲུབ་པའི་འཚོ་བ་རེའམ་སྤྱི་ཚོགས་རེ་དང་མ་འབྲལ་བ་ཞིག་ཡིན་དུས། འཚོ་བ་དང་སྤྱི་ཚོགས་སོགས་ནི་འཕེལ་རྒྱས་དང་རྒྱུན་གནས་ཐུབ་ཆེད་སོགས་ནི་མཐུན་སྒྲིལ་གྱི་ལྟ་བ་འདི་ལ་མ་བརྟེན་ན་བྱ་ཐབས་བྲལ་བ་ཞིག་ཏུ་མཐོང་སྟེ། དཔེར་ན། ཚོགས་པ་བྱེ་བྲག་པ་ཞིག་གིས་ལས་དོན་འཕྲིན་ལས་ཞིག་རྩོམ་པའི་ཚེ། ཡང་དག་པའི་མཐུན་སྒྲིལ་གྱི་རྒྱབ་རྟེན་ལ་ལངས་ཞིང་། ནུས་ཤུགས་ཡོད་ཚད་གཅིག་ཏུ་སྤུངས་ནས་རིམ་གྱིས་བསྐྱོད་ཐུབ་ན། ཉམ་ཆུང་ཆུང་གི་ཚོགས་པ་ཞིག་ཡིན་ན་ཡང་མཇུག་འབྲས་ཐོབ་པར་མྱུར་བ་མ་ཚད། མཐར་ཐུག་གི་ཚད་གཞི་ཡང་ཇེ་མཐོ་རུ་འགྲོ་བ་དངོས་ཡོད་ཅིག་འགྱུར་ཏེ། ས་སྐྱའི་ལེགས་བཤད་ལས། “མང་པོ་གཅིག་ཏུ་བློ་མཐུན་ན། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། སྲོག་ཆགས་གྲོག་མའི་ཚོགས་འདུས་པས། སེང་གེའི་ཕྲུ་གུ་བསད་ཅེས་གྲགས།” ཞེས་པ་ལྟར་རེད།
ད་ལྟའི་དུས་རབས་འདིའི་མུ་ཁྱུད་ནང་དུ་ཚུད་པའི་རྒྱལ་ཁབ་དང་མི་རིགས། ཡང་ན་སྤྱི་དང་སྒེར་གང་ཡིན་ཡང་རྗེས་ལུས་དང་ཡང་ལུས་ཐེབས་པའི་ངོ་གདོང་སྐྱོ་བོའི་རྣམ་པ་དེ། ལྡོག་ཐབས་ཀྱི་རྒོལ་ལན་ནི་གང་ཟག་སོ་སོའི་ངང་ནས་ཡང་དག་པའི་མཐུན་སྒྲིལ་འདི་ལ་ཡིད་ཆེས་དང་འཐབ་རྩོད་བྱ་ཐུབ་མིན་ལ་རག་ལས་ཡོད་སྙམ་པར་ཁོ་བོས་ལྟ་ཚུལ་ཙམ་མོ། རྩ་བའི་སྡོམ་ཚིག་ལྟ་བུའི་ལེའུ་དང་པོའོ། །
གཉིས་པ། རེ་བ་དང་འབྲེལ་བའི་ལེའུ།
གཉིས་པ། ཆོས་ལུགས་ཀྱི་མཐུན་སྒྲིལ་ནི་མཁའ་དབྱིངས་སུ་ཆགས་པའི་འཛམ་གླིང་གི་ཁོར་ཡུག་ལ་དྲོད་སྐྱིལ་གྱི་བདེ་སྐྱིད་འདྲེན་པའི་ཉི་མ་ལྟ་བུ་གྱུར་ཡོད། དེ་ལྟ་བུའི་དྲོད་སྐྱིལ་ནི་ཁོག་སྙོམས་ཞིང་བྲི་བཀོལ་མེད་པར་བཞུད་ཡོད་ན། དེ་ཙམ་གྱིས་འཛམ་གླིང་གི་འགྲོ་བ་ལ་བདེ་སྐྱིད་ལྡན་པ་བཞིན། ཆོས་ལུགས་གྲུབ་མཐའི་མཐུན་སྒྲིལ་ནི་གནས་ཚུལ་དེ་ལས་མ་འདས་པ་ཞིག་ཡིན་ཏེ། དཔེར་ན། འཛམ་གླིང་གི་མི་མང་ཆེ་བ་རྣམས་ཆོས་ལུགས་ཀྱིས་དབང་བསྒྱུར་ཡོད་སྟབས། ཆོས་ལུགས་དེ་དང་དེའི་ཁོངས་སུ་གཏོགས་པའི་ཆོས་ལུགས་པས་སོ་སོའི་ཆོས་ལུགས་དེའི་ལྟ་གྲུབ་སོགས་ལ་ཆོག་ཤེས་དང་། དེས་འཐུས་ཚང་པ་ཞིག་བཟུང་གི་ཡོད་ཙམ། དེ་དང་མི་མཐུན་པའི་དགག་ཕྱོགས་སུ་ལངས་ན་རང་བཞིན་གྱིས་རྙོག་འཛིང་འབྱུང་གི་ཡོད་པ་གསལ་པོ་རེད། དེ་བཞིན་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མཚོན་ན་ནང་གསེས་ལྟ་སྤྱོད་ཟུར་ཙམ་མ་མཐུན་པ་དབང་དང་། ཚོགས་ཁག་ཆེ་ཆུང་། གོ་གནས་མཐོ་དམན། རིགས་ཡག་བཙོག ལུང་པ་སྡེ་ཚན། འཇོན་ཐང་དང་ཤེས་ཡོན་ཆེ་ཆུང་། མི་འབོར་མང་ཉུང་། འབྱོར་བ་ལྡན་མི་ལྡན་གྱི་རྒྱུ་རྐྱེན་ཆེ་ཕྲ་ལ་མ་ལྟོས་པའི་དབང་གིས་ཕན་ཚུན་ཕོག་ཐུག་སོང་རྐྱེན་གྱིས་སྤྱི་ཚོགས་སོགས་ལ་མི་བདེ་བ་ནི་སྤྲ་བའི་ཕུང་པོ་ལ་མེ་མཆེད་པ་བཞིན་བྱུང་བ་ནི་དངོས་ཡོད་ལོ་རྒྱུས་ལས་ཇི་ལྟར་གསལ་ཡོད།
ད་དེ་ལས་ལྡོག་སྟེ་རྩ་བའི་ཆོས་ལུགས་སོ་སོའི་གྲུབ་མཐའ་སྲོལ་གཏོད་པ་པོའི་སྟོན་པའམ། ཡང་ན་དེའི་རྗེས་སུ་འཛིན་པའི་རྗེས་འཇུག་ཡང་དག་པ་རྣམས་ཀྱིས་སོ་སོའི་ལྟ་གྲུབ་ཀྱི་རྣམ་བཞག་ཇི་ལྟར་གཏན་ལ་འབབས་ཡོད་པ་བཞིན་བསམ་བློ་ཞིབ་ཏུ་གཏོང་ནས་ཉམས་ལེན་གནང་ན་ད་གཟོད་ཆོས་ལུགས་ཀྱི་ལྟ་གྲུབ་ངོ་མ་དེ་ཉམས་སུ་ལེན་ཡོད། ཅིའི་ཕྱིར་དེ་ལྟར་གྱུར་ཞེ་ན། དོན་དངོས་ཀྱི་ཆོས་ལུགས་གང་དང་གང་ཡིན་ཡང་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་དང་། གནས་སྐབས་ཐར་ལམ་གྱི་ཡོན་ཏན་སོགས་རྣམ་དཀར་ཡོན་ཏན་མི་འདོད་ནའང་། རྩ་བའི་སོ་སོའི་སྤྱི་ཚོགས་ལ་ཞི་བདེ་ལྷིང་འཇག་དང་། གང་ཟག་སྒེར་ལའང་བདེ་འབྲས་རེ་ཐོབ་པའི་ལྟ་སྤྱོད་ཀྱི་དབང་དུ་བཏང་ནས་བསྟན་པ་ཞིག་ཡིན་པ་གསལ་པོ་རེད་བསམ་གྱིན་འདུག
ཡང་གོང་གི་ལྟ་ཚུལ་ལས་མ་འདས་པ་དམིགས་བཀར་གྱིས། བོད་རྒྱུད་ནང་བསྟན་འདི་ཡི་ཐོག་ལ་དེ་བཞིན་བསམ་གཞིགས་རེ་བཏང་ན། བོད་ཀྱི་གནའ་བོའི་ཆོས་ནི་ཡག་སྡུག་གང་ཡིན་ཡང་བོད་མི་རིགས་ཀྱི་མེས་པོའི་བསམ་བློ་རེ་དང་ཟུངས་ཁྲག་གི་ཐིག་པ་རེ་བྱས་ནས་བསགས་པ་ཞིག་ཡིན་པ་དེང་དུས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ནང་ཁུལ་བོད་ཀྱི་སྤྱི་ཚོགས་ལའང་གླེང་གཞི་ལྟ་བུ་ཞིག་ཏུ་ཆགས་ཡོད། དམ་པའི་ཆོས་ནི་ཕྱིས་སུ་དུས་རབས་བདུན་པའི་དུས་མཇུག་ནས། མཁན་སློབ་ཆོས་གསུམ་གདན་འཛོམས་དབུ་ཁྱུད་བྱུང་བ་ནས་བཟུང་སྟོན་པ་བཅོམ་ལྡན་འདས་ཀྱི་མདོ་སྔགས་ཀྱི་བསྟན་པ་ཕྱོགས་རེ་དང་ལེན་ཞུས་པ་བཞིན། བོད་མི་རིགས་ཀྱི་བསམ་བློ་ལ་བློ་སྐྱེད་དང་ཕན་ཐོགས་ཆེན་པོ་བྱུང་བ་སྨོས་མེད་རེད། འོན་ཀྱང་། བན་བོན་གྲུབ་མཐའི་ཕྱོགས་གཉིས་ཀ་ནས་སོ་སོའི་ཆོས་ལུགས་ཙམ་མ་གཏོགས་ངོས་ལེན་མི་གནང་མཁན་རྗེས་འཇུག་མི་ཉུང་བ་ཞིག་གིས་ཆོས་ལུགས་ཕན་ཚུན་ལ་རྣམ་རྟོག་གིས་སྒྲོ་བཏགས་ཏེ། ཧ་ཅང་ཚད་ལས་བརྒལ་བའི་ཟུར་ཟ་དང་སྨ་འབེབ་དེའི་དབང་གིས་དོན་མེད་ཀྱི་ནད་ཡམས་ཚབ་ཆེན་ཞིག་ཕོག་པ་མ་ཟད། རྣམ་རྟོག་གི་རྒྱ་རུ་ཚུད་པ་ཞིག་བཟོས་ཡོད། དེ་དག་ནི་ཕྱོགས་ཞེན་གྱི་དྲ་རྒྱ་ལས་གྲོལ་མ་ཐུབ་པའི་མི་སྣ་འགའི་བྱས་རྗེས་ཞིག་རེད་སྙམ། དོན་དངོས་ཐོག་ནས་བཤད་ན་སྟོན་པ་བཅོས་ལྡན་གྱི་མདོ་སྔགས་ཀྱི་བསྟན་པ་ཡིན་ན་འདྲ། སྟོན་པ་གཤེན་རབ་མི་བོའི་མདོ་སྔགས་ཀྱི་བསྟན་པ་ཡིན་ན་འདྲ། རྒྱ་བོད་ཞང་གསུམ་ཙམ་མ་ཡིན་པ། སྤྱི་སྲིད་པ་གསུམ་དང་སྒོས་འཛམ་གླིང་གི་ཁྱོན་འདི་ལ་ཞི་བདེ་སྐྲུན་ཐུབ་པའི་ལྟ་གྲུབ་ཕུན་སུམ་ཚོགས་པའི་བསྟན་པ་རྣལ་མ་ཞིག་ཡིན་མོད། དེ་ལ་ཡག་བཙོག་དང་ཟབ་ཞན་སོགས་ཀྱི་རིས་སུ་ལྷུང་བའི་ལྟ་བ་དེ་འདོར་རྒྱུ་ནི་དོན་དངོས་དང་མཐུན་པའི་མཐུན་སྒྲིལ་གྱི་གཞི་རྩ་རེད་སྙམ།
བདག་ལྟ་བུ་ནི་དུས་བཞིའི་བག་དྲོ་ཞིང་རྩི་ཤིང་ནགས་ཚལ་གྱིས་གཡོག་པའི་རི་རྒྱུད་བལྟ་ན་སྡུག་པ། རྩི་ཐོག་ཤིང་ཐོག་གི་སྣ་བརྒྱས་ཁེངས་པའི་ལྷ་ཀླུའི་ཡིད་འཕྲོག་པའི་ཞིང་ཁམས། ཧི་མ་ལའི་རི་ཁུག་ཏུ་གཏོགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་པའི་ས་གནས་སུ། ལྷ་ཀླུས་མཐུ་དཔུང་སྡོང་གྲོགས་མཛད་དེ། ༧ དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་སྔར་གྲགས་མ་མྱང་པའི་ལོ་རྒྱུས་ཀྱི་བ་དན་སྲིད་རྩེར་གཡོ་བའི་གདན་ས་འདི་ལ། བོན་གྱི་མཁས་གྲུབ་ཀྱིས་མཛད་པའི་བརྡ་དག་སྙན་རྩིས་ཀྱིས་མཚོན་པའི་རིག་གནས་ཆ་དང་། བསྡུད་རྟགས་ཚད་གསུམ་མཚོན་པའི་མདོ་ཕྱོགས་ཀྱི་གཞུང་དང་། སྔགས་རྫོགས་བླ་མེད་ཀྱི་ཁོངས་སུ་གཏོགས་པའི་སྔགས་ཕྱོགས་ཀྱི་གཞུང་ལུགས་བཅས་ལ་གོ་ལོ་ཐོས་ལོ་ཙམ་གྱིས་བསྐྱེལ་བའི་གྱི་ན་བ་ཞིག་ཡིན། གོང་སྨོས་ཀྱི་ལྟ་བ་ནི་བདག་ལྟ་བུའི་བལྟ་ཚུལ་ཙམ་མ་ཡིན་པ། ད་ཆར་ཁ་བ་གངས་ཅན་པའི་མི་རིགས་མང་ཆེ་བའི་བསམ་བློ་ལ། སྤྱིར་ན་ཆོས་ལུགས་ཡོད་དོ་ཅོག་གི་ཕན་ཚུན་མཐུན་སྒྲིལ་དང་། སྒོས་སུ་ང་ཚོའི་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་ནང་ཁུལ་ལ་དོན་གྱི་མཐུན་སྒྲིལ་གནང་རྒྱུ་ནི་དུས་མཐར་འདིའི་སྙིང་དགོས་ཞིག་ཏུ་འདོད་ལ། རེ་བ་ཡང་དེ་བཞིན་རྒྱག་གིན་ཡོད། རེ་བ་དང་འབྲེལ་བའི་ལེའུ་གཉིས་པའོ། །
གསུམ་པ། རང་རིགས་ལ་དགའ་བའི་གསང་གཏམ་ཤོར་བའི་ལེའུ།
གསུམ་པ། མི་རིགས་ཀྱི་ཚེ་སྲོག་སྐྱོབ་པའི་གོ་ཆ་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་རག་ལས་འདུག་སྙམ་སྟེ། དཔེར་ན། འཛམ་གླིང་ཤར་ནུབ་ཀུན་ནས་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་ཇི་སྙེད་ཅིག་བྱུང་བ་ནི་སློབ་གསོའི་རྨང་གཞི་དང་། མཐུན་སྒྲིལ་གྱི་གཞི་འགྲམ་འདིང་བ་ལ་བརྟེན་ནས་འཕེལ་རྒྱས་སོང་བ་གསལ་པོ་རེད། སྤྱིར་ན་འཇིག་རྟེན་གྱི་ཁམས་འདི་ལ་རྒྱལ་ཁབ་འདྲ་མིན་དང་། མི་རིགས་འདྲ་མིན་བཅས་ནི་མཁའ་དབྱིངས་ལ་གསལ་བའི་རྒྱུ་སྐར་ལས་གྲངས་མང་མོད། དེ་དག་གི་ནང་ཁུལ་རེ་རེ་ལའང་ཆ་མི་མཉམ་པའི་གནས་ཚུལ་དང་། འཕོ་འགྱུར་གྱི་གདུག་རྩུབ་འོག་ནས་གྲོལ་མ་ཐུབ་པའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱུད་རིམ་ཁག་ནི། འགྲོ་བ་ཕན་ཚུན་བསམ་ཤེས་དང་མཐུན་སྒྲིལ་གྱི་ལྟ་བ་ཞན་ཞིང་དབུལ་བའི་རྣམ་པ་ལས་གཞན་ཅི་ཡང་མིན། བདག་གིས་མི་རིགས་གྱི་མཐུན་སྒྲིལ་བལྟ་ཚུལ་ནི། རྒྱལ་ཁབ་ཞིག་གི་དོན་མིན་ལ། མི་རིགས་བྱེ་བྲག་པ་ཞིག་གི་དོན་ནི་དེ་བས་ཀྱང་མིན། གཙོ་བོ་འཛམ་གླིང་ཁྱིམ་གཞི་འདིའི་འགྲོ་བ་རྣམས་འཚེ་མེད་ཞི་བདེའི་དཔལ་ལ་རོལ་ཞིང་ཕན་ཚུན་མཛའ་བརྩེ་ཡིས་སྐྱོང་བའི་དུས་རབས་ཞིག་དང་། ཁོར་ཡུག་ཅིག་ཆགས་རྒྱུ་བཅས་ལ་རེ་སྨོན་གྲོགས་ཀྱིས་ཟིན་ནས་བལྟ་བ་ལགས།
ང་ཚོའི་བོད་མི་རིགས་ལ་བལྟས་ན་མི་རིགས་ཀྱི་བྱུང་ཁུངས་དང་གནས་སའི་ཁོར་ཡུག་སོགས་ལ་འཛམ་གླིང་ཤར་ནུབ་ཀུན་ནས་རིན་ཐང་ཆེ་བ་ཞིག་དང་། འགངས་ཆེན་དང་མཐོང་ཆེན་བརྩི་བཞིན་ཡོད་ཙང། བོད་མི་རིགས་ཀྱི་ནང་ཁུལ་དུ་ནང་པའི་ལྟ་སྤྱོད་དང་། ཡ་རབས་བཟང་སྤྱོད་གཞི་ལ་བཞག་ནས། ནང་ཁུལ་མཐུན་འབྲེལ་ལམ་རྡོག་རྩ་གཅིག་དྲིལ་གྱི་ལམ་ནས་གླིང་ཕྲན་གཞན་པའི་མི་རིགས་རྣམས་ཀྱི་དམིགས་ལྟོས་འཇོག་སའམ། ཡང་ན། ཡ་རབས་བཟང་སྤྱོད་ཀྱི་དེད་དཔོན་ལྟ་བུར་འགྱུར་བ་ལ་ཆ་རྐྱེན་ཡོངས་སུ་འཛོམས་ཡོད། དེ་ཙམ་མ་བྱས་པར་ཁ་ནས་“བོད་མི་རིགས་བོད་མི་རིགས་”ཞེས་གླེང་ཞིང་། དོན་ལ་དེ་ལས་ལྡོག་པ་ཞིག་བྱ་བསྡད་ན་མཐར་ཐུག་སོ་སོའི་མི་རིགས་ཉམས་རྒུད་འགྲོ་བ་ཉག་གཅིག་གོ ། །
ང་ཚོའི་མི་རིགས་ནང་ཁུལ་ལ་མཐུན་འབྲེལ་ཡོང་མི་ཐུབ་པའི་འགག་རྩ་གཙོ་བོ་ཞིག་ནི་སོ་སོའི་ཆོས་ལུགས་ལ་ཕྱོགས་ཞེན་གྱི་བལྟ་བ་དང་། ཆོལ་ཁ་ཕན་ཚུན་ལ་རུ་ངའི་ཕོག་ཐུག་ཐེབས་པ་ལ་བརྟེན་ནས་སྡུག་ཆགས་ཀྱི་ནད་ཡམས་ཞིག་ལངས་ཀྱི་ཡོད་པས། དེའི་སྟོབས་ཀྱིས་ང་ཚོའི་བོད་མི་རིགས་ཟེར་བའི་གླེང་གཞི་དེ་ཡང་བརླག་ཉེན་ཆེ་སྙམ།
བོད་མི་རིགས་ནི་ཆབ་དཔལ་རིག་གསུམ་གྱིས་ཕྱུག་པའི་མཐོ་སྒང་གི་འགྲོ་བ་ཞིག་ཡིན་ལ། ཁ་བའི་རྡུལ་ཕྲན་རེ་དང་འདྲེས་པའི་རུས་དང་ཟུངས་ཁྲག་གི་གོང་བུ་གངས་ཀྱི་བདག་པོ་གངས་ཕྲུག་ངོ་མ་ཡང་ཡིན། ཁྱེད་ཀྱི་ཚེ་སྲོག་ནི་གངས་དཀར་ལྷུན་པོའི་རང་མདངས་ལྟར་དཀར་ཞིང་བརྗིད་ཉམས་དང་ལྷན་དུ་ཡུན་རིང་གནས་པར་གྱུར་ཅིག་གུ། ། རང་རིགས་ལ་དགའ་བའི་གསང་གཏམ་ཤོར་བའི་ལེའུ་གསུམ་པའོ། །
ཟིང་ཆུ་བློ་གྲོས། བཞུགས་གནས། རྒྱ་གར། སྨན་རིའི་གླིང་།
བསམ་ཚུལ་ཕྲིས།