༓ ཁྱེད་གནམ་གྱི་མཐའ་ནས་འོངས་ཤིང་ངའི་སེམས་ཀྱི་ཟབ་སར་འཁྱིལ་ཡོད།
རྩོམ་ཡིག་འདི་ཐེངས། 740 བཀླགས་འདུག
༼༡༽
ལྷ་དང་ལྷ་མོའི་ཚོགས་ཀྱིས་ཐུགས་རྗེས་སྤྱན་ཟུང་གི་རྨུ་ཞགས་ཟེར་ལ་བརྒྱུས་ནས།
ལྷ་དང་ལྷ་མོའི་ཚོགས་ཀྱིས་བརྩེ་བས་གསུང་དབྱངས་ཀྱི་མགུར་མ་ངག་ལ་འགུག་བཞིན།
རི་བོ་ལྷ་རི་གྱང་དོའི་རྩེ་མོར་བྱོན་པ་ལྷ་སྒྲུང་དུ་བསྒྲེང་གིན་ཡོད་ནའང་།
ངའི་ཡེ་སྨོན་རྒྱལ་བོ་དང་ཁོང་གི་ལྷ་ལྕམ་ཆུ་ལྕག་རྒྱལ་མོ་གཉིས་ནས་བཟུང་།
ང་ཚོ་དང་རིགས་རུས་ཚོ་བ་གཅིག་པའི་གཉེན་མིར་བརྩིས་ནས་ཡོད་ལ།
སྲིད་པ་འཇིག་རྟེན་འདིར་མིའི་འགྲོ་བར་རྨང་འདིང་བཟོ་མཁན་གྱི་ཐོག་མ་བསྒྲེང་ནས་ཡོད།
ངའི་དཔྱོད་ཤེས་ཀྱི་རྟིང་མར་མྱུལ་བའི་ལོ་རྒྱུས་ཀྱི་ཕ་ས་སྨུག་པོ།
ནམ་ཡང་སྐྱབས་གསོལ་དང་རེ་བཞག་ཁྲི་ཕྲག་གི་གདུང་དབྱངས་ཁྲོད་ན།
ཉི་ཟླ་བཞིན་དུ་བཞུགས་པའི་ཕོ་བྲང་དམར་པོ་ཁྱེད།
རྣམ་ཤེས་བཞིན་དུ་འཁོར་བའི་མཐིང་སྨུག་སྦྲ་ཁྱིམ་ཁྱེད།
༼༢༽
སྔ་མའི་སྔ་མ་ཞིག་ལ།
གསེར་མདོག་གི་ཉི་འོད་ཤར་རའི་གདེངས་ཀར་འཚེར་མ་ཐག་གི་སྔ་མ་ཞིག་ལ།
འོད་དཀར་གྱི་ཕུང་བོར་དཔྱོད་ཤེས་ཀྱི་གཤོག་ཟུང་རྒྱས་མ་ཐག་གི་སྔ་མ་ཞིག་ལ
གནམ་གྱི་མཐའ་ནས་འོངས་ཤིང་ཡིད་ཀྱི་ཏོག་ན་མཛེས་པའི་ཁྱེད།
སྒོམ་ཆེན་པ་སུའི་བྱིན་རླབས་ཀྱིས་ང་ཚོར་སྔར་མེད་ཀྱི་དངོས་གྲུབ་གནང་བ་དང་།
གཏེར་བཏོན་པ་སུའི་ནུས་མཐུས་ཡུལ་འདིར་འབྱོར་ཕྱུག་གི་འོ་མཚོ་མཁའ་མཐར་འགྲན་པ།
བྱ་བཏང་བ་སུའི་ཐུགས་བསྐྱེད་ཀྱིས་ཁམས་འདིར་སྙན་གྲགས་ཀྱི་ཡོ་ལང་ཕྱོགས་བཅུར་སྤེལ་བ་སོགས།
ཁྱེད་ཀྱི་ལོ་རྒྱུས་ཀྱི་ཧྲག་བར་རེ་ན་མུ་ཏིག་བཞིན་མཛེས་སྡུག་གི་བཀྲག་མདངས་གསེར་ལམ་མེར་ཡོད་ལ།
ཁྱེད་ཀྱི་རྟོགས་བརྗོད་ཀྱི་མགུལ་བར་རེ་ན་ཉི་ཟླ་བཞིན་གཟི་བྱིན་གྱི་ཟེགས་མ་བཀྲ་ལམ་མེར་ཡོད།
གནམ་གྱི་མཐའ་ནས་འོངས་ཤིང་སེམས་ཀྱི་ཟབ་སར་འཁྱིལ་བའི་ཁྱེད།
གངས་ཀྱི་རིགས་ཞེན་པ་མང་པོའི་རུས་རྐང་གི་སྙན་ངག་གསོན་པོ་དེ་ཁྱེད་རེད་ལ།
ཡུལ་གྱི་དཔྱོད་ཤེས་པ་མང་པོའི་གསེར་ནག་གི་གླེགས་བུམ་བླ་མེད་དེ་ཁྱེད་རེད་ལགས།
ཁྱེད་ནི་ནམ་ཡང་ཁྱེད་ཡིན་པ་ནང་བཞིན།
ང་ཚོའི་རྨི་ལམ་གྱི་སྔ་གཞུག་གང་རུང་ལ་རྣམ་ཤེས་ཀྱི་སྣེ་ཁྲིད་བགྱིས་མཁན་སེམས་དཔའ་ཐོག་མ་དེའོ།
༼༣༽
བསུབ་ཐབས་བྲལ་བའི་དུང་མདོག་གི་མཛད་རྗེས་གོང་བུ་རེ་འོད་གྲིག་གེར།
མཚོན་ཐབས་དཀའ་བའི་ལོ་རྒྱུས་ཀྱི་བླ་མེད་མཆོད་སྟེགས་དེ་བརྗིད་ལྷང་ངེར།
ཁྱེད་ནི་ངའི་དུས་བཞིའི་ཁ་དོག་གི་རིན་ཐང་ལ་འོ་དོད་ཀྱི་གདུང་དབྱངས་བསྣན་ས་ཡིན་པས།
དོ་ནུབ་ངས་ཁྱེད་ཀྱི་པང་ནས་མིག་ཆུའི་མཆོད་ཆང་གི་གསོལ་སྟོན་གདོང་ལ་བཤམས་ནས།
ཡུན་རིང་མཇལ་མ་མྱོང་བའི་སྐུ་འདྲ་ལྗིད་པོ་དེ་སེམས་ལ་ཉར་བ་ན།
ལྷོག་པ་ཧྲལ་ཧྲུལ་གྱོན་པའི་བུ་མོ་ཆུང་ཆུང་ཞིག་གི་ངོ་གདོང་མཐོང་བྱུང་།
ཡིད་འོང་གི་ངོ་གདོང་སྣུམ་པོར་མིག་ཆུའི་འཁྱག་རོམ་གྱི་ལན་བུ་བསླེས་མེད་ནའང་།
མགོ་དགྱེས་ནས་ནམ་མཁར་ཡང་ཡང་བལྟ་བའི་ངང་ཚུལ་ལ་གཞིགས་ན།
གཉེན་ཉེ་དང་མཛའ་གྲོགས་སུ་ཞིག་དྲན་གདུང་གི་སྙིང་ཁར་བསྒོམ་པ་མི་ཤེས་མོད།
ས་ཆེན་འདི་མ་འཇིག་བར་དུ་ལུས་བོངས་འདི་མ་ཟད་བར་དུ།
སྐྱབས་བཅོལ་དང་རེ་འབྲས་ཀྱི་མིག་ཟུང་ལ་འགྱུར་བ་མེད་པའི་སྡོམ་ཚིག་དེ་ལས།
ངའི་གྱང་ཆག་དང་མཁར་ཤུལ་ཁྲོད་ན་འགྱུར་ཁུགས་དབེན་པའི་ཁྱེད་དྲན་ནས་ཡོད་ལ།
ངའི་བསང་དུད་དང་རླུང་རྟའི་ཁྲོད་ན་ཀི་བསྭོའི་ལྷ་རྒྱལ་དབེན་པའི་ཁྱེད་ལྷག་ཏུ་དྲན་ནས་ཡོད།
༼༤༽
ཁྱེད་གད་པ་སྐྱ་མོའི་པང་གཞོངས་ན་ཆང་གིས་བཟི་འདྲའི་ཚུལ་གྱིས་རྣམ་པ་སྣང་ནའང་།
ལོ་རྒྱུས་ཀྱི་སྲུབས་ཀའི་ལྟེབས་ཁུགས་ཁྲོད་ན་ཁྱེད་ལས་གཞན་པའི་འཇིག་རྟེན་མི་མཐོང་ཞིང་།
གནའ་བོའི་མེས་པོ་ཚོས་ཞལ་གསུང་གི་ཁ་ཆེམས་རྗེས་མ་དེ་ཡང་།
རྫི་གླུ་དབྱངས་རྟར་འཁྱིལ་སའི་ཉིད་ཀྱི་ནམ་མཁའི་མེ་ལོང་ལས་གཞན་ཞིག་མི་སྣང་།
དེ་བས། དུས་ད་ལྟ་ང་ཚོས་རང་ཉིད་རང་ཉིད་ལ་གསན་རྗེན་གནང་དགོས་བྱུང་བའང་ཁྱེད་ལས་མ་འདས།
ཁྱེད་སྨུག་སྤྲིན་སྟུག་པོའི་ཐུ་འོག་ན་ལུས་ཕུང་གའུར་བཅངས་འདྲའི་ཟོལ་ཚུལ་སྣང་ཡང་།
ཀ་ཁའི་འཇའ་ཡིག་གི་རྣམ་ཤེས་ཕྲ་མོའི་ཁྲོད་ན་ཁྱེད་ལས་གཞན་པའི་ཕ་ཡུལ་མི་མཐོང་ཞིང་།
རྒན་རབས་པ་ཚོས་ཚེ་སྲོག་གི་འཁུན་སྒྲའི་འོ་དོད་རིང་མོ་དེ་ཡང་།
ཉི་ཟླ་མགུལ་བུར་བཤམས་སའི་ཉིད་ཀྱི་མིག་ཟུང་ལས་གཞན་ཞིག་མི་སྣང་།
དེ་བས། དུས་ད་ལྟ་ང་ཚོས་རང་གི་བཀའ་སྒྲོམ་ནང་མནོ་བསམ་གྱི་ཡིག་འབྲུའི་གླེང་བྱ་ཁྱེད་ལས་མི་འདུག་གོ།
གནམ་གྱི་མཐའ་ནས་སླེབས་ཤིང་ས་གཞིའི་ཏོག་ན་མཛེས་པའི་ངའི་ཕ་ཁྱིམ་སྨུག་པོ།
རིགས་ཞེན་སྤོབས་པའི་འདེགས་ལ་གསུང་དབྱངས་མགུར་ལས་སྙན་པའི་ངའི་མཐིང་སྨུག་སྦྲ་ཆུང་།
༼༥༽
སྨྲ་བརྗོད་བྲལ་བའི་མིག་ཆུའི་ཕྲེང་རྡོག་རེ་རེ་དགུ་ཆུའི་གཞུང་ལ་བརྒྱུས་ནས།
བརྩེ་བ་ཟབ་མོའི་སེམས་ཀྱི་གཞས་དབྱངས་སྙན་མོ་ཕ་གའི་བྲག་ལ་བརྡེབས་ན།
ངས་འཇམ་མཉེན་གྱི་གཤོག་ཟུང་ངོས་ན་སྐོར་བྲོའི་དྲ་རྒྱར་ཚུད་པའི་ཁྱེད་རང་དྲན་བྱུང་།
ངས་མཐོ་སྒང་གི་རྩྭ་ལྗང་ལོ་མའི་སྲུབས་ནས་རྫི་བོ་རྐང་རྗེན་དང་འབྲོང་མགོ་སྐམ་པོ་དག་དྲན་བྱུང་།
ད་དུང་ཨ་མཚར་མཚར་དགུའི་རྩེད་གཡེང་ཁྲོད་འཐིམས་པའི་བྱིས་པ་དེ་ཚོ།
ད་དུང་རི་བོང་དང་སྤྱང་ཀིའི་གཏམ་རྒྱུད་ལ་རྒྱུས་མངའ་ལྡན་པའི་ཕ་མ་དེ་ཚོ།
ཡང་ཡང་སེམས་ནས་དྲན་ཞིང་ཡང་ཡང་མིག་ལ་འཁོར་བའི་ཚེ།
ངས་ཆུང་མའི་སྔུར་དབྱངས་ཀྱི་རྨི་ལམ་ཁྲོད་ནས་ལོ་ཟླའི་སྨག་རུམ་གྱི་ཟབ་ཚད་ལ་ཀི་རིང་ག་ཙམ་བཏང་ཡང་།
བག་ལ་ཉལ་བའི་ཨ་ཕའི་ལུག་ཁྱུ་ད་དུང་དཀྲོགས་ཐུབ་མ་བྱུང་།
ཟིན་ཐུབ་བྲལ་བའི་ཁྱེད་ཀྱི་མཛེས་སྡུག་ད་དུང་མངོན་ཐུབ་མ་བྱུང་།
༼༦༽
ཆུང་དུས་ཀྱི་སྣང་ངོར་ཁྱེད་ལང་ཚོ་དང་དཔའ་གདངས་ཀྱིས་ཕྱུག་པའི་སྟག་ཤར་ཞིག་དང་མཚུངས་པར།
བདག་པོ་དང་ཁེར་ཚུགས་ཀྱི་རང་དབང་ལ་མགོ་བོ་དད་མཁན་ཞིག
ལ་རྒྱ་དང་སྙན་ངག་གི་མཆོད་སེམས་ལ་ཟུངས་ཁྲག་གཏོར་མཁན་ཞིག
འོན་ཀྱང་དུས་ད་ལྟ་ཁྱོད་གཉེན་ཉེ་དང་མཛའ་གྲོགས་དབེན་པའི་ཁེར་རྐྱང་གི་དྭ་ཕྲུག་ཅིག
ལོ་ངོ་སྟོང་གི་ལོ་རྒྱུས་ལ་དགྱེས་འཛོམས་ཀྱི་རྒྱང་མཇལ་བྱས་མ་མྱོང་བའི་མཁས་པ་ཞིག
རེ་འབྲས་ཀྱི་ཕྱི་མིག་ལ་ལུས་ཟུངས་ཟད་པའི་རྒས་འཁོགས་ཤིག
ཕ་ཡུལ་ལགས།
གནམ་གྱི་མཐའ་ནས་འོངས་ཤིང་སེམས་ཀྱི་ཟབ་སར་འཁྱིལ་བའི་ཁྱེད།
ཡུད་ཀྱི་གུར་ན་རྩེན་ཞིང་གདུངས་དབྱངས་པུར་གྱིས་བཞེངས་པའི་ཁྱེད།
ད་ནི*མགོ་བོ་དགྱེས་ཏེ་གངས་དཀར་གྱི་རྩེ་མོར་གཟིགས་དང་།
ཟེར་མ་འབུམ་གྱིས་སྤྲས་པའི་ཉི་གཞོན་དེ་ཁྱེད་ཀྱི་ལྡོག་ཕྱོགས་སུ་འཁོར་འདུག*ལགས།
བསམ་ཚུལ་ཕྲིས།