གཤེན་ལོ་ཞེས་པ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་ནམ། 

རྩོམ་ཡིག་འདི་ཐེངས། 2117 བཀླགས་འདུག

དེ་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་སུ་མི་ལོ་བརྒྱ་ལ་གཤེན་ལོ་གཅིག་ཅེས་བཤད་ཡོད། འོན་ཀྱང་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་དེ་ཚོ་ཞིབ་ཕྲ་བྱས་ན་ཀློག་པ་ཡིན་ན་གཤེན་ལོ་ནི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་གཤེན་རབ་ཀྱི་ཆེ་བ་བརྗོད་བྱེད་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད་པར་ཤེས་ཐུབ། ཇི་ལྟར་བྱས་ནས་ཤེས་ཐུབ་ཅེ་ན། གཤེན་རབ་མི་བོ་ནི་ཤིང་ཕོ་བྱི་བའི་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་སྐར་མ་རྒྱལ་ལ་སྐུ་འཁྲུངས་པར་གསུངས་ཡོད། དེ་ལྟར་བྱི་བའི་ལོ་ནས་ཐ་མ་ཕག་ལོའི་བར་ལོ་སྐོར་བཅུ་གཉིས་ཀྱི་བྱུང་རབས་ཤིག་བཀོད་ཡོད། དེ་ནི་བཀའ་འགྱུར་ནང་པོད་བཅོ་བརྒྱད་པ་དྲི་མེད་གཟི་བརྗིད་པོད་ལྔ་པའི་ནང་གི་པེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་དང་། པོད་བརྒྱ་དང་རེ་བདུན་པ་ཀུན་འབུམ་ཁྲ་བོ་ལས་གསལ། སྟོན་པ་གཤེན་རབ་མི་བོས་ཐོག་མར་ཐེག་པ་རིམ་དགུའི་དང་པོ་ཕྱ་གཤེན་ཐེག་པ་གསུངས་ནས་ལེགས་རྒྱལ་ཐང་པོ་ལ་གཉེད་གཏད་མཛད། དེ་ཡང་སྟོན་པ་མེ་ཏོག་གླིང་ལ་ཕེབས་ནས་རྩི་ཤིང་དང་དཀར་མངར་རྩི་སྨན་མེ་ཏོག་འབྲུ་སྣ་སོགས་མང་དུ་བསྡུས་ནས་གཏོ་གཞི་ཕྱིང་དཀར་གྱི་སྟེང་དུ་ནས་སྔོན་མོ་བཅལ་བཀྲམ་ནས་གསས་མདའ་དང་། གབ་རྩེ། ཇུ་ཏིག མོ་རྡེའུ་སོགས་གང་དགོས་བཤམས་ནས། ཕྱ་གཤེན་ཐེག་པའི་ལྷ་དཀྱེར་ཕུ་བེར་དཀར་པོ་ལ་གསོལ་མཆོད་ཕུལ། དེ་དུས་གཞི་འོག་ནས་ཡ་མཚན་ཅན་གྱི་སེམས་ཅན་ཞིག་ཐོན། དེས་ས་མང་པོ་གཏོ་གཞིའི་ཕྱོགས་ལ་སྤུངས་པས་སྟོན་པ་ཡ་མཚན་སྐྱེས་ནས་ཕྱག་ཏུ་བསྣམས་ནས་ཡ་མཚན་ཅན་གྱི་སེམས་ཅན་འདི། ལུས་པོ་སྦུང་བ། མྱུར་མགྱོགས་ཆེ་བ། གཡུ་རུ་ལྡེམ་པ། ཨག་ཚོམ་ཡོད་པ། རྔ་མ་རིང་བ། བྱ་བྱེད་གློག་ལྟར་མྱུར་བ། སྤུ་མེད་བྱི་བྱི་པོ་མིང་ཡང་བྱི་བར་ཐོགས་གསུངས། བྱི་བའི་ལོ་ཡི་གཏན་ཚིགས་ཀྱང་དེ་ནས་བྱུང་བ་དང་། གཤེན་ཀྱི་དགུང་ལོ་གཅིག་རྩི་བའི་ཚད་དེ་ནས་བཟུང་བ་ཡིན། ལོ་འགོ་བྱི་བ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་ཞེས་གསུངས་ཡོད། ལོ་དེ་ལ་ཕྱ་གཤེན་ཐེག་པ་གཏན་ལ་ཕབས། དེའི་ལོ་གཉིས་པ་གླང་ལོ་ལ་སྣང་གཤེན་གཙུག་ཕུད་ལ་ཐེག་པ་གཉིས་པ་སྣང་གཤེན་ཐེག་པ་གསུངས། དེ་དུས་མི་ཡུལ་སྐྱིན་མཐིང་ཞེས་པར་ཕེབས་ནས་རྩི་ཤིང་དང་བལ་ཚོན་གསེར་སྐྱེམས་ནམ་རྒྱང་དར་ཟབ་གསེར་གཡུ་སོགས་ཡོ་བྱད་མང་དུ་བསགས་ནས་སྣང་གཤེན་ཐེག་པའི་ལྷ་གར་གསས་བཙན་པོ་ལ་གསོལ་མཆོད་ཕུལ་བས་ལྷ་དེའི་སྤྲུལ་པ་གླང་ཆེན་སེར་པོ་ཆེན་པོ་ཞིག་སླེབས། དེ་ལ་གཤེན་རབ་ཀྱིས་ཡ་མཚན་སྐྱེས་ནས་སེམས་ཅན་གཞན་དང་མི་འདྲ་བའི་གཙུག་ཡོད་པ། རྣ་བ་ཆེ་བ། སྣ་ལྗགས་རིང་བ། མཆེ་བ་གཙིགས་པ། ཅང་ཤེས་པ། ཁུར་བོར་བ། རབ་ཏུ་བརྟན་པ། ཤིན་ཏུ་འགྱིང་བ། བག་ལྷོད་པ། རྩལ་སྟོབས་ཆེ་བ་དེ་འདྲ་ཞིག་ཡོད་པས་དེའི་མིང་གར་གླང་སྟོབས་ཆེན་གསོལ་ནས་གླང་ལོའི་གཏན་ཚིགས་དེ་ནས་བྱུང་བར་བཤད། དེ་ནས་སྟོན་པ་གཤེན་རབ་མི་བོ་དགུང་ལོ་དགུའི་བར་དུ་སྟག་ལོ་ལ་འཕྲུལ་གཤེན་ཐེག་པ་དང་། ཡོས་ལོ་ལ་སྲིད་གཤེན། འབྲུག་ལོ་ལ་དགེ་བསྙེན། སྦྲུལ་ལོ་ལ་དྲང་སྲོང་། རྟ་ལོ་ལ་ཨ་དཀར། ལུག་ལོ་ལ་ཡེ་གཤེན། སྤྲེའུ་ལོ་ལ་རྫོགས་ཆེན་བླ་མེད་ཀྱི་ཐེག་པ་རྣམས་རིམ་པས་འཕྲུལ་གཤེན་གཙུག་ཕུད་དང་། སྲིད་གཤེན་གཙུག་ཕུད། དགེ་བསྙེན་གཙུག་ཕུད། རྣམ་དག་གཙུག་ཕུད། དབང་ལྡན་གཅུག་ཕུད། ཡེ་གཤེན་གཙུག་ཕུད། ཚད་མེད་གཙུག་ཕུད་དེ་སློབ་བུ་དེ་རྣམས་ལ་གསུངས།། སྟོན་པ་དགུང་ལོ་བཅུ་ཡི་ཐོག་བྱ་ལོ་ལ་སློབ་བུ་མང་པོར་བསྡུས་ནས་མཁར་བར་པོ་སོ་བརྒྱད་ལ་བཞུགས་ནས་ཐེག་པ་རིམ་དགུ་རྣམས་སྒོ་བཞི་མཛོད་ལྔ་དང་ཕྱི་ནང་གསང་གསུམ་དུ་བསྡུས་ནས་ལོ་གཅིག་རིང་བོན་གྱི་འཁོར་ལོ་བསྐོར། དེ་ཡང་སྐད་རིགས་སྣ་ཚོགས་པ་ལ་གསུངས་ཡོད། དེ་ལ་བསྟན་པ་སྤེལ་བའི་མཛད་པ་ཞེས་བརྗོད། དགུང་ལོ་བཅུ་གཅིག་ཐོག་ཁྱི་ལོ་ལ་འོལ་མོ་ལུང་རིང་གི་བྱང་ཤར་གཅན་གཟན་འཁྲོ་བའི་གླིང་། མུ་ཁྱུད་བདལ་བའི་མཚོ་འགྲམ་ན་ཁྱི་ན་ཙུག་གི་ཡུལ་ཞེས་པར་ཕེབས་ནས་གསས་ཁང་བ་གམ་ལྷ་རྩེ་བཞེངས་ནས་རྒྱལ་བ་བྱམས་པའི་དཀྱིལ་འཁོར་ཞལ་ཕྱེས། ཡུལ་དེའི་མི་རྣམས་ལ་ཚོགས་བསགས་སྒྲིབ་སྦྱང་གི་བོན་དང་། ལས་རྒྱུ་འབྲས་ཀྱི་རྣམ་བཞག། དགེ་བ་བཅུ་སྤྱད་ནས་ཕྱི་མའི་དོན་སྒྲུབ་ཚུལ་གསུངས། དགུང་ལོ་བཅུ་གཉིས་ཐོག་ཕག་ལོ་ལ་འོལ་མོ་ལུང་རིང་གི་ལྷོ་ཕྱོགས་དབང་ཆེན་ས་བདག་རྒྱལ་པོའི་གླིང་། མོན་ཡུལ་སུམ་སྟོད་ཅེས་པར་ཕེབས་ནས་གསས་ཁང་བ་རབ་ཡོངས་འདུལ་བཞེངས་ནས་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས། དུས་འཁོར་གཞུང་བཞི་མཛད་ནས་བསྟན་པ་རིན་པོ་ཆེ་རྒྱས་པར་སྤེལ་ལོ། དེ་དག་ལ་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་ཞེས་བཤད་ཡོད། སྐབས་དེ་དུས་གོང་ལྟར་སྟག་དང། ཡོས། འབྲུག། སྦྲུལ། རྟ། ལུག། སྤྲེའུ། བྱ། ཁྱི། ཕག་རྣམས་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་དང་སྦྲེལ་ནས་དེ་དག་གི་བྱུང་རབས་རིམ་པར་བཀོད་ཡོད། ལོ་མཛོད་བཅུ་གཉིས་གྱི་ཐ་མ། དུར་མོ་ཕག་གི་ལོ་ལ་བཞེས་སོ། ཞེས་གསུངས་སོ། དེས་གང་བསྟན་ཞེ་ན། ལོ་དེ་དག་ཚང་མ་མི་ལོ་ཡིན་པར་བསྟན་ཡོད། དཔེར་ན་སངས་རྒྱས་གཤེན་རབ་མི་བོ་བྱི་བའི་ལོ་ལ་སྐུ་འཁྲུངས། དེའི་ལོ་ལ་ཕྱ་གཤེན་ཐེག་པ་གཏན་ལ་ཕབས། གླང་ལོ་ལ་སྣང་གཤེན་ཐེག་པ་དང་། སྟག་ལོ་ལ་འཕྲུལ་གཤེན་ཐེག་པ་ནས་མཇུག་ཕག་ལོ་ལ་དུས་འཁོར་གཞུང་བཞི་གསུངས་ཡོད། དེར་བརྟེན་བྱི་བའི་ལོ་ནས་ཕག་ལོའི་བར་ལོ་བཅུ་གཉིས་རིང་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་གནང་བ་ཤིན་ཏུ་གསལ་བ་དང་། བྱི་བ་ནས་ཕག་ལོ་བར་ལོ་སྐོར་བཅུ་གཉིས་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་བར་གཞིགས་ན་མི་ལོ་མ་གཏོགས་འགྲོ་ས་མེད་པར་རྟོགས་སླ། གལ་སྲིད་གཤེན་ལོ་ཡིན་ན་བོན་གྱི་ཤེས་རིག་ཚིག་མཛོད་ལྟར་སྟོན་པ་ཤིང་བྱི་ལ་(BC16017)སྐུ་འཁྲུངས། ཤིང་གླང་(BC16016)ནས་ཕྱ་གཤེན་ཐེག་པ་གསུངས། ཤིང་འབྲུག་(BC15916ནས་སྣང་གཤེན་ཐེག་པ་དང་། ཤིང་སྤྲེལ་(BC15816)ནས་འཕྲུལ་གཤེན་ཐེག་པ། ཤིང་བྱི་(BC15716)ནས་སྲིད་གཤེན་ཐེག་པ་གསུངས་པ་སོགས་མདོར་ན་ཐེག་པ་རེར་མི་ལོ་བརྒྱ་རེ་འགོར་ཡོད་པས་ཐེག་པ་དེ་དག་དབུ་འཛུག་གནང་དུས་ལོ་སྐོར་བཅུ་གཉིས་རིམ་པས་རྩ་བ་ནས་ཁེལ་མེད། དེས་ན་གོང་དུ་བསྟན་པའི་གཞུང་གཉིས་ཀྱིས་གསུང་སྟངས་ལ་དཔྱད་ན་ཐེག་པ་རིམ་པ་དགུ་དེ་བྱི་བའི་ལོ་ནས་སྤྲེའུ་ལོའི་བར་མི་ལོ་དགུ་རིང་གསུངས་པ་དང་། བྱ་ལོ་ལ་བསྟན་པ་སྤེལ་བའི་མཛད་པ་དང་། ཁྱི་ལོ་ལ་ཁྱི་ན་ཙུག་གི་ཡུལ་དུ་འགྲོ་དོན་ལ་ཕེབས། ཕག་ལོ་ལ་དུས་འཁོར་གཞུང་བཞི་གསུངས། དེ་ནས་ལོ་བཅུ་གཉིས་ཀྱི་འགྲོ་དོན་མཐར་ཕྱིན་པར་ཤིན་ཏུ་གསལ་བས་སོ། གཞུང་དེ་དག་ལ་ལེགས་པར་དཔྱད་ན་ལོ་མཛོད་བཅུ་གཉིས་ཀྱི་ཁོངས་སུ་མི་ལོ་སྟོང་ཕྲག་ལྷག་ཡོད་པའི་རྒྱུ་མཚན་གང་ནས་བཙལ་ཀྱང་རྙེད་པ་ཤིན་ཏུ་དཀའོ། འོ་ན་གཤེན་ལོ་གཅིག་ལ་མི་ལོ་བརྒྱ་མེད་བཞིན་དུ་དེ་ལྟར་གསུང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྟོན་པའི་ཆེ་བ་བརྗོད་བྱེད་དེ། དཔེར་ན་སྟོན་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་ནས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་དེ་ནི་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་བརྟེན། སྟོན་པ་ལ་ཡོད་ཚད་དེ་བཞིན་ཀུན་ལས་འཕགས་དགོས་པར་སྟོན་པའི་གདུལ་བྱ་དད་ལྡན་རྣམས་ཀྱི་སེམས་པ་ལ་རང་བཞིན་གྱིས་འཆར་གྱིན་ཡོད། དེ་དག་སུན་འབྱིན་མི་འགྲོ་བ་དང་སློབ་མ་རྣམས་ལ་སྤྲོ་བ་འཕེལ་ཞིང་དེ་ལྟ་བུ་ཞིག་བདག་ཀྱང་གྱུར་ན་ཅི་མ་རུང་སྙམ་པའི་སེམས་ཀྱི་སྨོན་པ་རྒྱས་པའི་ཆེད་དུ་སྟོན་པའི་སྐུ་གཟུགས་ཡང་སྟོན་པ་རང་གི་ཁྲུ་དགུ་ཡོད་པ་དང་། སྐུ་ཚེའི་ཚད་ཀྱང་ཤིན་ཏུ་རིང་པོ། དེ་བཞིན་གཤེན་གྱི་ལོ་མི་ལོ་ལས་བརྒྱ་སྐོར་གྱི་རིང་བ། ལྷ་ཀླུ་མི་ཡི་རྒྱལ་པོ་གཞན་དང་མི་འདྲ་བ་དགྱེས་རོལ་བཙུན་མོའང་སུམ་བརྒྱ་དྲུག་ཅུ་ཡོད་པ་སོགས་ཚང་མ་ལ་ཆེ་བརྗོད་ཧ་ལས་གནང་བ་ནི་དགོས་པ་རྒྱུ་མཚན་དེ་དག་ལས་བྱུང་བ་ཡིན། དེར་མ་ཟད་སྟོན་པའི་འཁྲུངས་ཡུལ་ནི་དག་པ་བདེ་ཆེན་གྱི་ཞིང་ཞིག་ཏུ་བཞེངས་བཀོད་བྱས་ནས་དེར་འགྲོ་དགོས་ན་ལས་སྐལ་བཟང་པོ་ཞིག་ཡོད་ན་མ་གཏོགས་འགྲོ་ཐབས་བྲལ་བ་ལྟ་བུ་བཤད་ནས་དེར་སྐྱེ་བའི་སྨོན་ལམ་ཡང་ཡང་གནང་གིན་ཡོད། དེའི་ཤུགས་ལས་དེར་སྐྱེས་ཚད་ཐམས་ཅད་འཕགས་པ་ལྟ་བུའི་ལས་དག་ཤ་སྟག་ཡིན་པ་གོ་རྒྱུ་ཡོད། དེ་དག་ནི་དད་པའི་སྣང་ངོར་འགལ་འདུ་ཞུགས་འགྲོ་རྒྱུ་དང་འདོད་དོན་མི་འགྲུབ་འདུག་རྒྱུ་སྣ་ཁ་གཅིག་མེད། རྒྱུ་མཚན་ནི། དག་པའི་ཞིང་ནི་སྣང་བ་དག་པའི་གང་ཟག་སུ་ལའང་མཇལ་རྒྱུ་ཡོད་དེ། སྣང་བ་དག་ན་ཟབ་མོར་མཐོང་། ཐམས་ཅད་སྣང་བ་དག་ཏུ་ཆུགས། ཞེས་པའི་གདམས་ངག་ལྟར་ཡིན། དད་པའི་ངོ་ལ་ཚང་མ་དག་པ་རབ་འབྱམས་འབའ་ཞིག་སྣང་ཆོག དཔེར་ན་ཁྱོད་རང་ཞིང་དག་པ་རབ་འབྱམས་འབའ་ཞིག་སྒོམ་པའི་རྣལ་འབྱོར་བ་ཞིག་ཡིན་ན་ཁྱོད་རང་གིས་སྡུག་དཀའ་ལས་རྒྱག་ནས་ནུབ་ཕྱོགས་ཁ་ཆེའི་ལུང་པ་ནས་ཕར་འོལ་མོ་ལུང་རིང་བཙལ་དུ་འགྲོ་མི་དགོས་པར་ཁྱོད་རང་གི་ལུང་པ་དེ་ན་དག་པའི་ཞིང་འོལ་མོ་ལུང་རིང་དེའི་གནས་བཤད་དཀར་ཆག་ནང་བཞིན་མཇའ་རྒྱུ་ཡོད་ཆོག དེ་ལ་མེད་ཟེར་ནས་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། དཔེར་ན་བཟོད་པ་རིན་པོ་ཆེས་གཤེན་ཚང་གསེར་སྒོ་ཕྲ་མོར་གསས་མཁར་ཤམས་པོ་ལྷ་རྩེའི་བཀོད་པར་གཟིགས་པར་རྒན་རབས་ཀྱི་ངག་རྒྱུན་ལས་བཤད་ཀྱིན་ཡོད་པས་དག་པའི་ཞིང་མཇལ་ཚུལ་དེ་འདྲ་ཞིག་ཡིན། རྣམ་དཔྱོད་ཤེས་རབ་ཀྱི་ངོས་ནས་བསམ་ན་གལ་ཏེ་སྟོན་པའི་འཁྲུངས་ཡུལ་དེ་དག་པའི་ཞིང་ཞིག་ཡིན་ན་དེར་སྐྱེས་ཚད་འཕགས་པ་ཤ་སྟག་མ་གཏོགས་ཐ་མལ་པ་གཅིག་ཀྱང་མེད་པ་ལྟ་བུ་ཞིག་དགོས། དེ་ལྟར་ན་སྟོན་པས་སྐྱེ་བ་བཞེས་ཁར་དགོངས་ཚད་ལྔ་ཐུགས་ལ་བཀྲམ་པའི་སྐབས་སུ། “དགོངས་ཚད་རྣམ་པ་ལྔ་ཐུགས་ལས་བྱུང་བ་ནི། ཡུལ་གྲངས་མང་ཞིང་གླིང་རྒྱ་ཆེ་ན་ཡང༌། ལྷོ་འཛམ་བུའི་གླིང་སོག་ཀ་སྣོད་ཀྱི་འཇིག་རྟེན། འོལ་མོ་ལུང་རིངས་ལ་གཟིགས་ནས་བྱོན་ནོ། །དེ་ཅིའི་ཕྱིར་བྱོན་ན། གླིང་ཕྱི་མ་ནི། མཐོ་རིས་སུ་འགྲོ་བའི་དགེ་བའང་མེད། ངན་སོང་དུ་ལྟུང་བའི་སྡིག་པའང་མེད། སྟོན་པའི་བསྟན་པ་མི་འཕེལ་བའི་གླིང་ཡིན་ནོ”ཞེས་གསུངས་པས་དེས་འོལ་མོ་ལུང་རིང་ནི་དགེ་སྡིག་ཚང་མ་འཛོམ་སའི་གནས་ཞིག་ཡིན་པར་བསྟན་ཡོད། གལ་སྲིད་སྟོན་པས་སྡིག་པ་རྩ་བ་ནས་མེད་པའི་ལུང་པ་ཞིག་ལ་སྐྱེ་བ་བཞེས་པ་ཡིན་ན། ཁོང་གི་ཐོག་མའི་ཐུགས་དགོངས་འཆུག་འགྲོ་བ་ཡིན། དེར་བརྟེན་ལུང་འདི་གཅིག་བུས་ཀྱང་སྟོན་པའི་འཁྲུངས་ཡུལ་དགེ་བཅུ་འབའ་ཞིག་འཛོམ་པའི་དག་ཞིང་ཞིག་མིན་པར་དཔོག་ཐུབ། དཔེ་ཆའི་ནང་ལ་ཕྱོགས་གཅིག་ནས་འོལ་མོ་ལུང་རིང་ཞེས་པ་དག་པའི་ཞིང་ཁམས་འཕོ་འགྱུར་མེད་པ་བསྐལ་པའི་རྐྱེན་གྱིས་མི་འཇིགས་པ་དུས་བཞི་ཆ་སྙོམས་པ་ག་དུས་ཡིན་ན་རྩི་ཤིང་འབྲུ་སྨན་སྣ་ཚོགས་རྒྱས་པ་དཔེར་ན་དབྱར་ཁ་ལྟ་བུ་དང་། དེར་ཡོད་པའི་སེམས་ཅན་རི་དྭགས་དང་བཅས་པ་ཕལ་པ་རང་ཁ་མ་མ་ཡིན་པ་དེ་འདྲ་ཞིག་བཤད་ཡོད། ཕྱོགས་གཅིག་ནས་ཡུལ་དེའི་སྣོད་བཅུད་ཚང་མ་ད་ལྟ་ང་ཚོ་གནས་སའི་འཇིག་རྟེན་འདི་དང་ཕལ་ཆེར་ཁྱད་པར་མེད་པ་ནི། དཔེར་ན་བྱ་དང་གཅན་གཟན་རི་དྭགས་སོགས་དང་། མི་རིགས་ལའང་སྣ་ཚོགས་པ། དེ་དག་རིགས་མཐོ་དམན་ཡོད་པ། ཕྱུག་དབུལ་དང་དྲག་ཞན་སྣ་ཚོགས་ཡོད་པ། དགེ་ལྡན་དང་སྡིག་ཅན་གྱི་མི་སྣ་ཚོགས་ཡོད་པ། མདོར་ན་བཟང་ངན་སྣ་ཚོགས་པ་ཡོད་པའི་ལུང་པ་ཞིག་ཡིན་པར་གསལ་ཡོད། དེ་ལ་དྲང་ངེས་ཀྱི་རྣམ་བཞག་འབྱེད་ཤེས་པ་གལ་ཆེ། མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ཀུན་གྱིས་སྟོན་པའི་འཁྲུངས་ཡུལ་ནི། གངས་ཏི་སེའི་མདུན། མཚོ་མ་པང་གི་འགྲམ། ཆུ་བཞིའི་འགོ་བོ་ཞེས་བཤད་ཀྱིན་ཡོད། དེ་ནི་གངས་རིའི་ར་བས་བསྐོར་བའི་ཡུལ་ལྗོངས། ཞང་བོད་ཀྱི་ལྟེ་བ་གངས་རིན་པོ་ཆེའི་སྐོར་རྒྱུད་མ་གཏོགས་འཛམ་གླིང་གང་ས་ལ་བཙལ་ཀྱང་རྙེད་དུ་མེད་པས་དེ་ནི་སྟོན་པའི་འཁྲུང་ཡུལ་འཁྲུལ་མེད་ཡིན་པ་གསལ་བར་བསྟན་ཡོད་ཀྱང་། སྟོན་པ་དེར་འཁྲུངས་པར་བཤད་མཁན་ཚོ་ལ་ངན་སྨ་དང་ལྐོག་བཤད་སོགས་བྱེད་ནས་ལྟ་ལོག་པ་ཟེར་མཁན་འགའ་ཤས་ཡོད། འགའ་ཞིག་གིས་འོལ་མོ་ལུང་རིང་སྟོད་མངའ་རིས་ཡིན་ན་དེར་སྐྱེ་བའི་སྨོན་ལམ་འདེབས་དགོས་དོན་གང་ཡོད་ཟེར་མཁན་ཡོད། ངེས་པར་བསམ་ན་དེ་ལ་སྐྱོན་གང་ཡང་མེད་དེ། སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་གང་ལ་ཡོད་ན་དེར་སྐྱེ་བའི་སྨོན་ལམ་རྒྱག་ཆོག་པ་ཡིན། དེ་ཚོ་ལབ་མཁན་ཁོ་རང་ཚོ་ལ་འོལ་མོ་ལུང་རིང་ནི་དཔེ་ཆ་ལས་བཤད་པ་ལྟར་དགེ་སྡིག་སྣ་ཚོགས་འཛོམ་པའི་ལུང་པ་ཞིག་རེད། དེར་བརྟེན་དེ་དག་ཞིང་ཡིན་པའི་རྒྱུ་མཚན་གང་ཡོད་ཅེས་དྲིས་དུས་ཁྱོད་རང་ལ་དད་པ་མེད་པའི་སྐྱོན་རེད་ཟེར་བ་མ་གཏོགས་རིགས་པའི་ལམ་ལ་འགྲོ་ནས་ལན་དོན་མཐུན་ཞིག་ད་བར་སུས་ཀྱང་རྒྱག་ཐུབ་མེད། དེར་བརྟེན་སངས་རྒྱས་ཀྱི་འཁྲུངས་ཡུལ་དང་སྐུ་ཚེའི་ཚད་སོགས་ལ་དགོས་པ་རྒྱུ་མཚན་ལ་བརྟེན་ནས་ཆེ་བ་བརྗོད་མི་ཆོག་རྒྱུ་གང་ཡང་མེད། དྲང་དོན་ཐབས་མཁས་ཀྱི་མཛད་པ་ཟེར་བ་དེ་དེ་འདྲ་ཞིག་ལ་གོ་བ་ཡིན།

གངས་སེང་། བཞུགས་གནས། བལ་ཡུལ། ཁྲི་བརྟན་ནོར་བུའི་རྩེ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *