༓ བསྟོད་ཚིག་ཙན་དན་ལྗོན་པ།
རྩོམ་ཡིག་འདི་ཐེངས། 414 བཀླགས་འདུག
མཆོག་གསུམ་ཁོག་པའི་སྙིང་ལྟར་གཅེས་པས་དུས་གསུམ་སྐྱབས་གནས་གཅིག་པུར་བཀུར།།
བསླབ་གསུམ་ཤེས་རབ་ཁོང་ནས་བརྡོལ་བས་ཚད་གསུམ་མཚོ་མོའི་དཀྱིལ་འཁོར་གྲུབ།།
ས་གསུམ་འགྲོ་བའི་སྡུག་བསྔལ་བསམ་ནས་སྐུ་གསུམ་ཡོན་ཏན་བསླབ་པར་བྱས།།
མདོ་སྔགས་རྫོགས་གསུམ་གཞུང་ལུགས་མཐའ་དག་སྣོད་གསུམ་དག་པའི་སློབ་བུར་འཆད།།
བྱམས་དང་སྙིང་རྗེ་ཆེན་པོས་གཏམས་པའི་མི་གཟུགས་སེམས་དཔའི་རྣམ་སྤྲུལ་མཆོག།
ཤར་ལྷོ་ནུབ་བྱང་གང་དུ་བཞུགས་ཀྱང་བྱིན་རླབས་ཉི་ཟེར་ཕྱོགས་མེད་ཁྱབ།།
དུས་ངན་སྙིགས་མའི་མགོན་ལ་བྱོན་ནས་ལྔ་བདོའི་མུན་པ་འཇོམས་མཛད་པའི།།
ཐབས་དང་ཤེས་རབ་ཟུང་གིས་གྲུབ་པའི་གངས་ཅན་མཁའ་ཡི་དབང་བོར་བསྟོད།།
སྐུ་ཚེ་གང་བོར་ཐོས་བསམ་བསྒོམ་པའི་བྱ་བཞག་མཐའ་དག་ལྷུར་བླངས་ནས།།
གཞུང་ལུགས་རབ་འབྱམས་ཐུགས་སུ་ཆུད་དེ་ཐུགས་རྗེས་གཟི་བྱིན་རབ་ཏུ་འཕྲོས།།
གངས་ཅན་རིག་བཅུའི་ཉིང་བཅུད་རྔུབ་པས་ཕྱི་ནང་རིག་པར་བྱང་ཆུབ་པའི།།
གངས་ཅན་ཚིག་མཛོད་ཆེན་མོར་འབོད་པའི་དམ་པ་ཁྱེད་ཉིད་ཨེ་མ་ཧོ།།
སྨན་གྱི་མཆོག་གྱུར་ནང་བའི་ལྟ་གྲུབ་གཞི་ལ་ཞུགས་པས་སྨན་དུ་འགྱུར།།
རི་རབ་ལྟ་བུའི་ནད་ཀྱིས་ཟིན་པའི་སྐྱེ་རྒུའི་ལུས་སེམས་ཟུག་རྔུ་བཅོམས།།
དཔོན་གྱི་མཆོག་གྱུར་རྒྱུད་སྡེ་མན་ངག་མཛོད་དུ་འཛིན་པའི་བླ་མ་ཁྱེད།།
སློབ་བུ་བརྒྱ་སྟོང་བློ་མིག་འབྱེད་མཁས་སྒོ་གསུམ་ཀུན་གྱི་སྒྲོན་མེའོ།།
འདུལ་བའི་ལྟ་སྤྱོད་མིག་ལྟར་སྲུང་བཞིན་ཚེ་ཡི་ངོ་བོ་དབང་འབྱོར་བའི།།
གྲུབ་པ་མངའ་བརྙེས་རྣལ་འབྱོར་ཆེན་མོ་སྤྱི་བོར་བཞག་ནས་གུས་པར་བྱ།།
ནམ་ཞིག་མཆོག་གི་སྐུ་ལུས་དྲོན་མོར་མངོན་སུམ་མཇལ་བའི་སྨོན་ལམ་འདེབས།།
གངས་ཅན་དཀྱིལ་ནས་རེ་བའི་མིག་ཟུང་ཁྱེད་ལ་གཏན་ནས་སྒུག་པར་བྱ།།
སྟོང་ཉིད་བདུན་བཅུའི་དོན་ཀུན་རེ་རེ་བློ་དང་རིག་པས་གཏན་ཕབ་བཞིན།།
དགུང་གྲངས་བརྒྱད་བཅུར་ནད་མེད་ཚེ་རིང་རབ་ཏུ་བྱུང་བས་རྟེན་འབྲེལ་ལེགས།།
མཐར་ཕྱིན་ཚེ་ལོ་དགུ་བཅུར་སོན་པར་བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུ།།
མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ནས་དོན་གཉིས་མཐའ་རུ་ཕྱིན་པར་ཤོག།
བསམ་ཚུལ་ཕྲིས།