༓ བོན་དང་བོན་པོ་སོགས་ཀྱི་གོ་དོན་རག་བཤད།

རྩོམ་ཡིག་འདི་ཐེངས། 2018 བཀླགས་འདུག

Screen Shot 2015-09-17 at 1.53.36 AM

བོན་ཞེས་པའི་གོ་དོན་གང་ཡིན།

བོན་ཟེར་བ་ནི་སྤྱིར་བསམ་བློས་ཤེས་རྒྱུ་ཡོད་པའི་ཤེས་བྱ་ཡོན་ཏན་ཚང་མ་དང་།  ཁྱད་པར་དུ་རྣ་བས་གོ་བའམ་ཐོས་པ་དང་།  གནད་དོན་གང་ཞིག་བསྟན་པའི་དོན་དང་། གནས་ལུགས་བོན་ཉིད་ཀྱི་དོན་དང་། སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པའི་དོན་དང་། ངག་གི་བྱེད་ལས་གདངས་དབྱངས་གྱེར་བ་དང་། འདོན་པ།  བཟླས་པ།  འབོད་པ་ལ་སོགས་པའི་དོན་ཡིན།

བོན་པོ་ཞེས་པའི་གོ་དོན་གང་ཡིན་ནམ།

བོན་པོ་ཟེར་བ་ནི་སྟོན་པ་གཤེན་རབ་མ་བྱོན་གོང་གི་ཡ་ཐོག་སྲིད་པའི་བོན་དང་།
གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་དེ་གཉིས་གང་རུང་ལོངས་སུ་སྤྱོད་མཁན་ལ་བོན་པོ་ཟེར།

བོན་གྱི་སྟོན་པ་དང་གཡུང་དྲུང་བོན་གྱི་གོ་དོན་གང་ཡིན་ནམ།

བོན་གྱི་སྟོན་པ་ནི་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཟེར་ལ། གཡུང་དྲུང་བོན་ནི་ཁོང་གིས་སྲོལ་ཕྱེས་པའི་བསྟན་པ།  སྡུག་བསྔལ་བྲལ་འདོད་དང་།   བདེ་བ་ལྡན་འདོད་ཀྱི་འགྲོ་བ་ཚང་མའི་གནས་སྐབས་དང་།  མཐར་ཐུག་གི་སྡུག་བསྔལ་ཀུན་སྐྱོབ་པར་བྱེད་པའི་ཕན་བདེའི་ཡོན་ཏན་བཟང་པོ་ཞིག་ལ་ཟེར།

གཡུང་དྲུང་བོན་གྱི་བརྡ་རྟགས་གཙོ་བོ་ག་རེ་ཡིན་ནམ།

      བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་རྟགས་ནི་གཡུང་དྲུང་ཆག་ཤིང་ཟེར་བ་དེ་ཡིན་པའི་ཚུལ།  ཞྭ་བཤད་པི་ཝང་དྲུག་འགྱུར་ལས།  “གསེར་གྱི་གཡུང་དྲུང་བཀའ་རྟགས་འདི།།བོན་ལ་འགྱུར་ནུབ་མེད་པའི་བརྡ།། གཡུང་དྲུང་སྙིང་པོ་ཐོབ་པའི་དོན།། བརྡ་དོན་བཅོ་བརྒྱད་ཚང་བ་ཡིན།།”ཞེས་དང་། གཡུང་དྲུང་ལས་དག་ལས།     “ཁྱད་པར་སྲིད་པ་སྐོས་ཀྱི་ཆག་ཤིང་ནི།། སྡེ་སྣོད་བཅོ་བརྒྱད་གསལ་བའི་གཤེན་རབ་ཀྱིས།།  གཤེན་རབ་བདག་བཞིན་ཕྱག་ཏུ་བརྟེན་བྱས་ཤིང་།།  བསྟན་པ་ཀུན་གྱི་ཀླད་དུ་འདི་བསྐོར་ན།། གཡུང་དྲུང་བོན་གྱི་རྒྱལ་མཚན་བཙུགས་ནས་ཀྱང་།།  རྟག་ཆད་ལོག་ལྟ་ཐེ་ཚོམ་ཟིལ་གྱིས་གནོན།།”ཞེས་སོགས་ཀྱིས་གསལ་བོར་བསྟན་ལ།  གཡུང་དྲུང་ཆག་ཤིང་གི་འབྲུ་དོན་ནི། གཡུང་ནི་དོན་དམ་བོན་ཉིད་སྐྱེ་མེད་ཀྱི་དོན་དང་།  དྲུང་ནི་ཀུན་རྫོབ་བོན་ཅན་འགག་མེད་ཀྱི་དོན།  ཆག་ནི་ལོག་ལྟའི་གཉའ་བ་གཅོག་པའི་དོན། ཤིང་ནི་ཐར་ལམ་དྲང་པོར་བཀྲི་བའི་དྲང་ཤིང་གི་དོན་བཅས་རེད།   དབྱིབས་གཟུགས་ནི་ཆག་ཤིང་གི་སྣ་གཉིས་ལ་གཡུང་དྲུང་རེ་དང་། བར་གྱི་ལྕུམ་བཞོགས་དང་གསུམ་ལྡན་དགོས་པ་དེ་མདོ་སྔགས་སེམས་གསུམ་གྱི་མཚོན་དོན་ཡིན་ཏེ་གཡུང་དྲུང་གཉིས་ཀྱིས་མདོ་སྔགས་གཉིས་མཚོན་ལ།  ལྕུམ་བཞོགས་ཀྱིས་སེམས་སྡེ་བླ་མེད་རྫོགས་པ་ཆེན་པོ་མཚོན་པའོ།།

སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཚུལ་གང་ཡིན་ནམ།

ཁོང་ནི་བསྐལ་སྟོན་སངས་རྒྱས་སྟོང་རྩ་གཉིས་བྱོན་པའི་ནང་ནས་ཐོག་མར་འགྲོ་འདུལ་རྣམ་འདྲེན་སྟོན་པ་རབ་དགུའི་ནང་ཚན་རྣམ་འདྲེན་བརྒྱད་པ་དེ་ཡིན་ལ།  དགོས་པའི་དབང་གིས་ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པ་སྙིགས་མ་ལྔ་བདོའི་དུས་སུ་འགྲོ་འདུལ་སྐབས་སུ་བབས་པས།  ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང་།  ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་སུ་སྲས་སུ།  ལོ་རྒྱལ་ཤིང་བྱི་ལོའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་གཟའ་སྐར་རྒྱལ་ཕུར་འགྲུབ་སྦྱོར་ཉིན་སྐུ་འཁྲུངས།   སྤྱི་ལོའི་སྔོན་འདས་ལོ་༡༦༠༡༧ཕྱིན་པའོ།།

སྟོན་པ་གཤེན་རབ་ཀྱི་མཛད་པ་གཙོ་བོ་གང་དག་ཡིན་པ་དང་དགུང་ལོ་ག་ཚོད་བཞུགས་སམ།

    ཁོང་སྐུ་འཁྲུངས་ནས་མྱ་ངན་མ་འདས་བར་སྤྱིའི་མཛད་ཆེན་བཅུ་གཉིས་དང་།  སྒོས་སུ་མཛད་པ་དྲུག་ཅུ།  བྱེ་བྲག་ཏུ་མཛད་པ་བརྒྱ་རྩ་བརྒྱད་བཅས་མཛད་ཡོད་ལ།  ལོ་མཛད་ཀྱི་དབང་དུ་བྱས་ན་དགུང་ལོ་གཅིག་ནས་བཅོ་ལྔ་བར་རྒྱལ་བུའི་ལོ་མཛད་དང་།  དེ་ནས་ལྔ་གསུམ་བཅོ་ལྔ་ཁབ་བཞེས་ཀྱི་ལོ་མཛད་དང་། དེ་འོག་ལྔ་གསུམ་བཅོ་ལྔར་རབ་བྱུང་གི་ལོ་མཛད་དང་། དེ་རྗེས་ལྔ་གསུམ་བཅོ་ལྔར་འཁོར་སྤངས་དགོན་མཛད་ཀྱི་ལོ་མཛད་དང་།  དེ་ནས་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་ལོ་མཛད་ཁོངས་སུ་ལོ་ཉེར་གཉིས་བསྡོམས་པས་གཤེན་གྱི་དགུང་ལོ་བརྒྱད་ཅུ་གྱ་གཉིས་དེ་སྐུ་ཚེ་ཧྲིལ་པོའི་ཚད་དུ་འཛིན་པའོ།།

སྟོན་པ་གཤེན་རབ་ཀྱིས་བོན་སྒོ་མང་པོ་གསུང་དགོས་དོན་ག་རེ་ཡིན་ནམ།

སྤྱིར་འཁོར་བའི་སེམས་ཅན་ལ་ཚིག་གི་སྒོ་ནས་ངེས་པའི་དོན་བསྟན་དགོས་པ་དང་། ཁྱད་པར་དུ་གདུལ་བྱ་འགྲོ་བ་སེམས་ཅན་གྱི་སྤང་བྱའི་ཉོན་མོངས་ལ་བལྟོས་ཏེ།  སྟོན་པས་འདུལ་བྱེད་ཀྱི་བོན་སྒོ་གཉེན་པོ་དེ་མཐུན་བསྟན་ཏེ།  དཔེར་ན། སྤང་བྱ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ་བལྟོས་ཏེ་དེའི་གཉེན་པོ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་།  ཉོན་མོངས་དུག་ལྔ་ལ་བལྟོས་ཏེ་བོན་སྒོ་བཞི་མཛོད་ལྔ།  དུག་གསུམ་ལ་བལྟོས་ཏེ་བོན་ཕྱི་ནང་གསང་གསུམ།  རྩ་བའི་མ་རིག་པ་ལ་བལྟོས་ཏེ་རིག་པའི་ཡེ་ཤེས་སོགས་སྤང་གཉེན་གྲངས་མཐུན་བསྟན་པ་དེ་དོན་དངོས་སྟོན་པ་གཤེན་རབ་ཀྱིས“རང་གི་སེམས་ནི་རང་གིས་བཏུལ།། ཉོན་མོངས་རྗེས་སུ་སེམས་མ་གཏོང་།།”ཞེས་གསུངས་པ་ལྟར་འདོད་ཡོན་ལ་ཆོག་ཤེས་མེད་པའི་འདོད་ཆགས་དང་། གཞན་གྱི་བཟང་བའི་ཡོན་ཏན་ལ་བློ་སྒོ་དོག་པོའི་ཕྲག་དོག་རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ།  གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་། རང་གཞན་གྱི་གྲུབ་མཐའི་དོན་ལ་རྨོངས་པའི་གཏི་མུག་བཅས་ཉོན་མོངས་དུག་ལྔ་དེ་དག་གི་རྗེས་སུ་སེམས་མ་ཤོར་བ་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་ལ་སོགས་ཞི་ཐབས་དང་། འདོད་ཆུང་ཆོག་ཤེས་འཛིན་ཏེ་རང་སེམས་ལས་སུ་རུང་ཐབས་སུ་སྟོན་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བོན་སྒོ་མང་པོ་གསུངས་པ་དེ་དག་དོན་དངོས་རང་སེམས་འདུལ་བའི་ཆེད་དུ་ཁོ་ནར་གསུངས་སོ།།

སྟོན་པ་གཤེན་རབ་ཀྱིས་བོན་སྒོ་མང་པོ་གསུངས་པའི་བརྗོད་དོན་གཙོ་བོ་ག་རེ་རེད་དམ།

     དེ་ནི་ཐར་པ་དོན་གཉེར་སྐྱེ་བོ་ཕོ་མོ་གང་ཞིག་གིས།  གཞི་སེམས་བསྐྱེད་བསམ་པ་བཟང་པོ་དང་།  སྙིང་རྗེ་ཆེན་པོའི་ཀུན་སློང་གི་སྒོ་ནས།  སྤྱོད་པ་མས་འཛེགས་ཀྱི་གཞི་རྩ། ཐབས་ཕ་རོལ་ཕྱིན་བཅུའི་དོན་གནད་ཉམས་སུ་ལེན་ཏེ་ལྟ་བ་ཡས་ཕུབ་ལྟ་བའི་མཐར་ཐུག་བླ་མེད་རྫོགས་ཆེན་ལ་བློ་གཏད་པའི་སྒོ་ནས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཤེས་ཐབས་དང་། འཁོར་བར་སྐྱེ་བྱེད་ཀྱི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་རྣམས་སྤང་ཐབས། ལས་ཉོན་འཇོམ་བྱེད་ཀྱི་གཉེན་པོ་ཐར་ལམ་རང་རྒྱུད་ལ་སྐྱེ་ཐབས། ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་སྤངས་པའི་ཡོན་ཏན་མངོན་ཏུ་འགྱུར་ཐབས་བཅས་ཡིན་ལ།  རྣམ་པ་གཅིག་ཏུ་ནི། བོན་ཐམས་ཅད་བདག་མེད་ཀྱི་རང་བཞིན་དུ་ཤེས་པ་དང་།  འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན།  ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན། མྱང་འདས་ཐམས་ཅད་ཞི་བདེའི་རང་བཞིན་ཅན་དུ་ཤེས་པའི་ཆེད་དུའང་རེད།

བོན་དང་གཡུང་དྲུང་བོན་དར་བའི་ཡུལ་ལུང་དང་རྒྱལ་ཁབ། ས་ཁྱོན། དེ་བཞིན་དུས་རིམ་སོགས་གསུངས་རོགས།

”སྔར་ཞང་ཞུང་གི་ཡུལ་དབུས་ཁྱུང་ལུང་དངུལ་མཁར་དང་། གངས་ཏི་སེའི་སྐོར་བཅས་ལ་དབུས་སུ་འཛིན་པའི། ཤར་ཕྱོགས་ལ་རྒྱ་ནག་ལྷོ་བྱང་དང་། རྒྱལ་རོང་། ལྡོང་ཡུལ། སུམ་པ། འཇང་ཡུལ། རུ་བཞི་བོད་ཀྱི་ས་སྐོར་སོགས་དང་། བྱང་ཕྱོགས་ལ་ཕྲོམ་གེ་སར་དམག་གི་ཡུལ། ལི་ཡུལ། གྲུ་གུ མི་ཉག འ་ཞ། སོག་པོ་ཕྱི་ནང་། ཡུ་གུར། ཐོ་གར་སོགས་དང་། ནུབ་ཕྱོགས་ལ་སྟག་གཟིག བྲུ་ཤ ཁ་ཆེ། ཨོ་རྒྱན། ཟ་ཧོར། པ་ཀི་སི་ཐན། ཨ་རབ་པའི་ལུང་པ་སོགས་དང་། ལྷོ་ཕྱོགས་ལ་རྒྱ་གར་དང་། བལ་པོ། འབྲུག འབྲས་ལྗོངས། མོན་ཡུལ། འཇང་མོ་མིག་དགུའི་ཡུལ་སོགས་སྔར་བོན་བསྟན་དར་ཡུལ་གྱི་ཡུལ་ལུང་ཡིན་ཀྱང་། དེང་སྐབས་གོང་གི་ཡུལ་གྲུ་ཕལ་ཆེ་བ་དེ་དག་ལ་བོན་བསྟན་དར་ཤུལ་དང་མིང་གི་སྲོལ་རྒྱུན་གནས་པ་ཙམ་མ་གཏོགས་བསྟན་པ་རྣལ་མ་ནི་ཆེར་མེད་པར་གྱུར།

དེང་སྐབས་བོན་བསྟན་དར་ཡུལ་ནི་གཙང་ཕྱོགས་གཞིས་རྩེ་ས་ཁུལ་དང་། ནག་ཆུ་ས་ཁུལ། ཆབ་མདོ་ས་ཁུལ། ཀོང་པོ་ཉི་ཁྲི་ས་ཁུལ། སྟོད་མངའ་རིས་ས་ཁུལ། སྨད་སྡེ་དགེ་དང་། ཉག་རོང་། རྫ་ཁོག ཨ་མདོ་ཤར་པ་དང་རྔ་པའི་ཁུལ། མཛོ་སྒང་། མཚོ་སྔོན་ས་ཁུལ། རྒྱལ་རོང་། རེབ་ཀོང་། གཞན་ཡང་བལ་ཡུལ་དང་འཇང་ཡུལ། རྒྱ་ཡུལ། འབྲས་ལྗོངས། རྒྱ་གར། ཕྱི་རྒྱལ་གྱི་ཡུལ་གྲུ་འགའ་ཞིག་བཅས་དེང་གི་བོན་བསྟན་དར་ཡུལ་གྱི་ས་ཆ་ཁག་ཡིན་ནོ།།” ཞེས་གསུངས་པ་ལྟར་རག་དཔྱད་དེ་ཙམ་ཡིན་ལ། དེ་དག་གི་ནང་གསེས་སོགས་ལ་ཞིབ་ཏུ་བརྟག་ན་ཤིན་ཏུ་ཆེ་ལ་ཡུལ་ལུང་མང་ངོ་།།

འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། བཞུགས་གནས། བོད། (ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད།)སོགས་རྩོམ་པ་པོ།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *