༓ སྟོན་ཁའི་རི་བྱི་འམ་ཡང་ན་སྐར་མ་རི་ཥི་བོན་དང་འབྲེལ་བ་ཡོད་མེད་སྐོར།

རྩོམ་ཡིག་འདི་ཐེངས། 995 བཀླགས་འདུག

བོད་ཀྱི་ལོ་ཐོའི་ནང་དུ་སྟོན་ཁ (ཐོ་རེངས་སྐར་མ་རི་ཥི་ཤར་) ཟེར་དུས། ཀུན་གྱིས་སྲོལ་རྒྱུན་དུ་ཁྲུས་བྱ་སྲོལ་ཡོད་པ་ཡོངས་གྲགས་ཡིན། འོན་ཀྱང་རི་བོང་རྐྱལ་འདྲོག་ཙམ་ལས་རྒྱུ་མཚན་ཤེས་མཁན་དཀོན། བན་དེ་འགའ་ཞིག་གིས་རང་རེའི་མི་རིགས་དང་ཆོས་ལུགས་ལ་འབྲེལ་བ་སྤུ་ཙམ་མེད་པའི་རིག་བྱེད་གཏམ་རྒྱུད་ཉི་ཚེ་བ་ཙམ་ཞིག་འཆད་ཀྱིན་ཡོད། དེ་ནི་སྔར་ལྷ་དང་ལྷ་མིན་འཐབ་དུས་སུ། ལྷ་མིན་བུ་སྤུན་གཉིས་ཀྱི་རང་ལུས་རོ་བརྒྱ་ལྡན་པའི་ཞལ་ཟས་སུ་སྤྲུལ་ནས་ལྷ་མཐུ་ཆེན་ཚོ་མགྲོན་དུ་བོས་ནས་ཟ་རུ་བཅུག་རྗེས། ཁོང་པར་སླེབ་པ་དང་ནང་ཁྲོལ་བྲེག་ཅིང་ལྷ་མང་པོ་དེ་ལྟར་བསད། མཐར་ལྷ་ཡི་དྲང་སྲོང་རི་བྱི་ཟེར་བ་མཐུ་ཆེན་ཞིག་ལ་དེ་ལྟར་བགྱིས་ཚེ། དེའི་མེ་ཡིས་ཏིང་ངེ་འཛིན་གྱིས་ལྷ་མིན་སྤུན་གཉིས་ཡོངས་སུ་བཞུར་ནས་བསད། དྲང་སྲོང་ཤིན་ཏུ་ཁ་སྐོམ་ནས་རྒྱ་མཚོ་ཧུབ་འཐུང་བྱས། སླར་ཡང་མཚོ་ལ་གནས་པའི་སྲོག་ཆགས་ལ་གནོད་པ་མེད་པར་སྐྱུགས་ཏེ་དེ་དུས་ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་འགྱུར་བའི་སྨོན་ལམ་བཏབས་པས་དེ་ནས་བྱུང་བ་རེད་ཟེར།  དེ་ཐུབ་དབང་ཆོས་ལུགས་དང་བན་ཕྱོགས་ལ་འབྲེལ་བ་ཡོད་མེད་འདིར་མི་སྨོས། རང་རེ་བོད་མི་རིགས་དང་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་ཅི་ཡང་འབྲེལ་བ་མེད་པའི་རྒྱ་གར་གྱི་ཕྱི་རོལ་པའི་གཏམ་རྒྱུད་ཡིན།།

ཡང་བོན་པོ་ཁ་གཅིག་གིས་ཡང་རི་བོང་རྐྱལ་འདྲོག་ཙམ་དང་མིའི་ལད་ཟློས་བྱས་ནས། མཛོད་ལས། ཀུ་བྱི་མང་ཀེ་ཀུ་ཧྲང་འཚོ་ཞེས་པ་དེ།  འུད་སྒྲོགས་གིས་དུས་གཟེར་དང་ཁ་ཕྱོགས་ལ་བསམ་བློ་མ་བཏང་བར་ཨུ་ཚུགས་ཀྱིས་བཤད་ཁུལ་བྱས་འདུག མཛོད་ཀྱི་དེ་ནི་དབྱར་དགུན་གྱི་ཉི་མ་ཟློག་པའི་དུས་ལ་བཤད་ཡོད་པ་ལས་རི་ཥི་དང་འབྲེལ་བ་མེད་ལ། རི་ཥི་དང་རི་བྱི་ཟེར་བའི་མིང་ཟུར་ཙམ་ཡང་མ་མཐོང་། དབྱར་ཉི་ཟློག་དུས་ནི། སྤྱིར་བཏང་ཟླ་ལྷག་མེད་ན་བོད་སོ་ནམས་ཟླ་བ་ལྔ་པའི་འཇུག་དང་དང་ཧོར་ཟླ་ལྔ་པའི་མགོ་ཙམ་གྱི་ཡས་མས་ཡིན། དེ་དུས། སྲིད་པའི་མཛོད་ཕུག་ལེའུ་ལྔ་པ་སྣོད་གནས་བསྟན་པའི་སྐབས་སུ་འདི་ལྟར་གསུངས་སྟེ། །།དབྱར་གྱི་སླུང་སུ་ཆུད་པ་ནི།། ཀུ་བྱི་མང་ཀེ་ཀུ་ཧྲང་འཚོ།། ཞེས་གསུངས་ཡོད། དེ་དུས་གནམ་རྟགས་ལ་མི་འགྱུར་བའི་གཟེར་ཉི་མ་བྱང་བགྲོད་ཀྱི་ལོག་ཁང་དུ་འཛུལ་ཚར་བ་དང་སླར་ཡང་ཕྱིར་ནུད་ལྷོ་བསྒྲོད་ཀྱི་འགོ་འཛུགས། བར་སྣང་དུ་མི་འགྱུར་བའི་གཟེར་ཉི་མ་ལོག་ཆར་འམ་ལྷ་ཀུ་བྱི་མང་ཀེའི་ཁྲུས་ཆར་འབེབས། ས་རྟགས་ལ་རྟ་དང་རྐྱང་ཕོ་མོ་གཉིས་སྦྱོར་གྱི་དགའ་སྟོན་རོལ་ནས་རིགས་རྒྱུད་བསྐྱེད་བསྲིང་བྱེད། རྟེའུ་མ་ཡི་མངལ་དུ་ཟླ་བ་བཅུ་གཉིས་དགོས་པར་བཤད། དཔྱད་འབུམ་ཁྲ་བོའི་ལེའུ་༡༤ པ་ལས། ཆར་དུས་ལྷོ་ཕྱོགས་འགྲོ་ཚེ་སླར་སྟོབས་བསྐྱེད།། ཅེས་པས་ཕྱི་ས་གཞིའི་ལོ་ཏོག་དང་རྩི་ཐོག་རྒྱས་པས་ངག་རྒྱུན་དུ། ཉ་ལག་སོར་ལ་རྩ་ནུབ་སོར་འཚར་ཞེས་ཟེར་ཞིང་ཕྱི་ནང་སྣོད་བཅུད་མི་དང་འགྲོ་བའི་ལུས་ཟུང་དང་བཀྲག་མདངས་ལུས་སྟོབས་ཡར་འཕེལ་བཞིན་པའི་སྒང་ཡིན་པས་ཀུ་བྱིའི་ཡོན་ཏན་དང་ནུས་པ་བྱིན་རླབས་ཡིན་པར་ངོས་འཛིན་ནའང་མི་ཆོག་རྒྱུ་མེད་སྙམ་གྱི་ཡོད། སྟོན་ཁ་ཡིན་ན་གོང་གི་དུས་གཟེར་དེ་དག་ཡོངས་སུ་འགལ་བ་དང་། རི་བྱི་ཤར་ཟིན་ན་སྤང་མདོག་ཀྱང་འགྱུར། ནམ་དུས་ཀྱང་ཉི་རེ་བཞིན་ཇེ་ངན་འགྲོ་བས། འདྲེ་ཤར་གླུད་ནུབ་གོ་ཟློག་ཏུ་སོང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར།  དགུན་ཉི་ཟློག་དུས། མཛོད་ལས། དགུན་གྱི་སླུང་སུ་ཆུད་པ་ནི།། གེ་ཕག་ཡོར་ལྡེ་ཙེ་ཟེ་འཚོ།། ཞེས་གསུངས་ཡོད། དེ་དུས། གནམ་ལ་ཉི་མ་ལྷོ་བགྲོད་ཀྱི་མཐའ་མ་ལོག་ཁང་དུ་བདུད་ཡོལ་ལྡེ་ནག་པོའི་སླུང་མལ་དུ་ཉི་མ་སླེབ། བར་སྣང་དུ་ཐལ་རྡུལ་དང་རླུང་ལྷག་ལྡང་།  ས་གཞི་རུ་གནའ་བ་ཕོ་མོ་འཚོ། འབྲོག་པས་ར་ལུག་ཐུག་པོའི་ཕོ་ཁེབ་བཀྲོལ་ནས་ཕ་སྦྱོར་བྱེད་དགོས།  ཕྱུགས་རིགས་ཕ་སྦྱོར་བྱེད་པ་ལ་ཉམས་མྱོང་ཡོད་དགོས། སྔ་སོང་ན་རེའུ་ལུ་གུ་དགུན་དཀྱིལ་དུ་སྐྱེས་ནས་འཁྱགས་ལྟོགས་ཀྱིས་ཤི་འགྲོ། འཕྱི་ན་འཚར་ལོང་ཞན།  རེའུ་ལུ་གུ་མངལ་དུ་གནས་ཚད་ཟླ་བ། ར་ལྔ་ལུག་དྲུག་ཟེར་ཡང་སྔ་ཕྱི་ཕལ་ཆེར་འབྲོག་པའི་ཉམས་མྱོང་དུ་ར་ལུག་གཉིས་ཀྱི་མངལ་གནས་ཚད་འདྲ་པོ་ཡིན་པར་བཤད། ཕྱི་ནང་སྣོད་བཅུད་མི་དང་འགྲོ་བའི་ལུས་ཟུང་དང་བཀྲག་མདངས་ལུས་སྟོབས་ཉིན་བཞིན་མར་འགྲིབ་པའི་སྒང་ཡིན་པ་རེད། ཡང་སྙིང་སྟོན་ཁ་ཁྲུས་བྱེད་རྒྱུ་དེ།  རང་རེའི་སྲོལ་རྒྱུན་དང་འབྲེལ་བའི་སྐོར་ལ་དཔྱད་པ་བཏང་ཚེ།  སྟོན་ཐའི་ཉ་ལ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་གཤེན་ལོ་གསུམ་པའི་དུས་སུ་གཤེན་རབ་ཉིད་ཀྱི་ཞང་པོ་རྒྱལ་པོ་ས་ལའི་ཁབ་གྲོང་ཁྱེར་ལང་ལིང་དུ་མཚོ་མུ་ལེ་སྟོང་ལྡན་ཧེད་ལ་སྐུ་ཁྲུས་གསོལ་བའི་དུས་ཡིན་པས་དེ་ཉིད་ཡུལ་སྲོལ་དུ་རྒྱུན་འཇགས་ནས་བྱུང་བ་ཡིན་པར་སྙམ།  ད་ལྟ་བོད་ཀྱི་ཡུལ་སྲོལ་གོམ་གཤིས་དག་དང་སྟོན་པའི་རྣམ་ཐར་ནང་གི་འཚོ་བ་རོལ་སྟང་ཕལ་ཆེར་འདྲ་མཚུངས་སུ་སྣང་། དེ་ཡང་མདོ་འདུས་ལེའུ་བརྒྱད་པ་ལས། དགུང་ལོ་གསུམ་ལ་གྲོང་ཁྱེར་ལང་ལིང་ལ་སྐུ་འཆག་སྟེ། རྒྱ་མཚོ་མུ་ལེ་ཧད་དུ་ཁྲུས་བྱས། ཞེས་དང་། མདོ་དྲི་མེད་ལེའུ་བཅུ་གཅིག་པ་ལས། དེ་ཡང་དུས་ཁྱད་པར་ཅན་ནི། སྟོན་ཟླ་ཐ་ཆུང་གི་ཉ་གསུམ་ལ། གནམ་ལ་གཟའ་སྐར་གྱི་འོད་མ་སྒྲིབ་པ། ས་ལ་རྩི་ཐོག་གི་བཀྲག་མ་ཡལ་བ། བར་ན་དུས་བཞི་རྒྱལ་མོ་ཆ་སྙོམས་པ། སྔོན་གྱི་སངས་རྒྱས་སྟོན་པ་རྣམས་ཀྱང་སྐུ་ཁྲུས་གསོལ་བའི་དུས་ཡིན་པས་གསོལ་བའོ།། ཞེས་དང་། ཡང་དེ་ཉིད་ལས། ཉ་དང་པོ་དཀར་བའི་དུས་སུ།  སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་བཞི་ལ། སྟེང་གི་ལྷས་སྟོན་པ་ལ་སྐུ་ཁྲུས་གསོལ་ལོ། ། ཞེས་དང་། ཡང་དེ་ཉིད་ལས། དེ་ནས་ཉ་དབུ་མ་དམར་བའི་དུས་སུ། སྟོན་པ་ལ་བར་མིས་སྐུ་ཁྲུས་གསོལ་བའོ། ། ཞེས་དང་། ཡང་དེ་ཉིད་ལས།   དེ་ནས་ཉ་ཐ་མ་སྔོ་བའི་དུས་སུ། སྟོན་པ་ལ་འོག་ཀླུས་སྐུ་ཁྲུ་གསོལ་བའོ།།  ཞེས་གསུངས་ཡོད་པ་དང་།  སྟོན་པས་དེའི་དུས་སུ། ལྷ་མོ་གོས་དཀར་མའི་ཁྲུས་གཟུངས་ཕན་ཡོན་དང་བཅས་པ་བསྟན་ནས། རྟག་ཏུ་ཁྲུས་བགྱིས་ན་གློ་བུར་གྱི་ནད་དང་སྡུག་བསྔལ་དང་། ཡམས་རིམས་གདོན་གྲིབ་འབྱུང་པོའི་ཁ་རླངས་གྱིས་མི་ཚུགས་ཤིང་ཚེ་དཔལ་དང་ལྡན་ཞིང་བཀྲ་ཤིས་པར་འགྱུར་བ་དང་། བག་སྒྲིབ་དག་པར་འགྱུར་རོ་གསུངས་པའོ།   དེ་ཡི་སྲོལ་སྔ་ནས་ཡོད་པ་དེ། ཕྱིས་སུ་བན་དེ་དར་ནས་བཟུང་།  བོན་པོ་ཚོ་ལ་གནད་དུ་ཕིག་པའི་ལོ་རྒྱུས་ཡོད་ཀྱང་དཔེ་ཐོག་ཏུ་ལུས་ནས་ཆ་རྒྱུས་དཀོན་པ་དང་། བཤད་ཀྱང་མཐོང་ཆུང་དང་དྲག་གནོན་འོག་ཏུ་ཕན་མེད་བག་ལ་ཉལ། ཡུལ་སྲོལ་དེ་དང་རི་བྱི་གཉིས་དུས་སྟོན་ཁ་གཅིག་པ་སོང་ཙང་། ཁུངས་རིག་བྱེད་གཏམ་རྒྱུད་ལ་གཏུགས་ཅིང་དུས་ཅུང་སྔ་བསྣོལ་དུ་སོང་བར་གདོན་མི་ཟའོ།།

དགེ་བཤེས་བསོད་ནམས་ཚུལ་ཁྲིམས། སྡོད་གནས། བོད། ཤར་སྐྱང་ཚང་དགོན་བཤད་སྒྲུབ་སློབ་གླིང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *