༓ གཡུང་དྲུང་བོན་གྱི་བསྟན་རྒྱས་སྨོན་ལམ་ཀ་མ་ལ་ཤཱི་ལ། 

རྩོམ་ཡིག་འདི་ཐེངས། 433 བཀླགས་འདུག

ན་མོ་གུ་རུ་ཀ་མ་ཤཱི་ལ་ཡེ།

 ཀ་དག་སྤྲོས་བྲལ་གཉུག་མའི་བོན་དབྱིངས་སྐུ།།

 ཁ་སྦྱོར་རིག་པ་རང་བྱན་བྱང་ཆུབ་པའི།།

 ག་བུར་གདངས་འཛིན་བོན་སྲས་རྒྱུད་པ་བཅས།།

 ང་ཡི་ཡབ་མེས་དམ་པས་དགེ་ལེགས་སྩོལ།།

 ཅ་ཅོའི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས།།

 ཆ་ལུགས་གདོད་མའི་གནས་ལུགས་དཔལ་ལ་སྤྱོད།།

 ཇ་རྩམ་འཚོ་བ་ལོངས་སྤྱོད་ཆོག་ཤེས་ཅན།།

 ཉ་གང་ཟླ་བཞིན་བོན་བསྟན་དར་རྒྱས་ཤོག།

 ཏ་ར་གསང་རྒྱུད་དྲུག་ཅུ་རྩ་བཞི་དང་།།

 ཐ་སྙད་སྒྲ་ཚད་བཟོ་གསོ་བཀའ་གཏེར་བོན།།

 ད་དུང་བསྟན་བཅོས་ལེགས་བཤད་དོན་མཛད་པའི།།

 ན་མོ་ཕྱག་རྒྱའི་བོན་བསྟན་དར་རྒྱས་ཤོག།

 པ་ར་མི་ཏ་ཉན་རང་ལྷ་མིའི་ཐེག།

 ཕ་བོན་གཉིས་མེད་རྫོགས་པ་ཆེན་པོའི་བར།།

 བ་གམ་དགུང་དུ་བརྩེགས་འདྲའི་བཀའ་བརྟེན་རིགས།།

 མ་ཏྲི་མུ་ཡེ་ས་ལེ་འདུ་བར་ཤོག།

 ཙ་རི་ཏྲ་དང་ཀེ་ལ་ཤ་ཡི་ནས།།

 ཚ་བ་རོང་དང་མདོ་དབུས་ཁམས་གསུམ་དུ།།

 ཛ་ལན་དྷ་རའི་ཞིང་དུ་གསལ་སྣང་བའི།།

 ཝ་ལེར་གཡུང་དྲུང་བོན་བསྟན་རྒྱས་གྱུར་ཅིག།

 ཞྭ་དཀར་རྒྱལ་བ་ཡེ་ཤེས་གདོད་མའི་བོན།།

 ཟབ་རྒྱབ་གདམས་པའི་གཏེར་མཛོད་ག་ནའི་དཔལ།།

 འ་ཅག་ཕ་མེས་རྒྱུད་པའི་རིག་གཞུང་མཆོག།

 ཡ་རབ་བོན་ལུགས་དར་རྒྱས་ཕུན་ཚོགས་ཤོག།

 ར་བ་གངས་དཀར་མཛེས་པའི་གཡང་ནོར་མཆོག།

 ལ་ལུང་གཡུང་དྲུང་མཛེས་པའི་བསིལ་ལྗོངས་སུ།།

 ཤ་རུས་གཅིག་ལས་མཆེད་པའི་གངས་ཅན་པའི།།

 ས་འཛིན་དཀར་པོའི་བོན་ཆོས་དར་རྒྱས་ཤོག།

 ཧ་ཅང་བཙུན་པའི་འདུལ་ཁྲིམས་ཞི་ཞིང་དུལ།།

 ཨ་མ་འགྲོ་ཁམས་འདྲེན་པའི་བྱང་སེམས་ལྡན།།

 གསང་ཆེན་སྨིན་གྲོལ་ཐོབ་པའི་རིག་འཛིན་གང་།།

 གཡུང་དྲུང་བོན་བསྟན་འཛིན་སྐྱོང་སྤེལ་གྱུར་ཅིག།

 བསླབ་པ་གསུམ་ལྡན་དགེ་འདུན་སྡེ་ཚོགས་འཕེལ།།

 བཤད་སྒྲུབ་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ།།

 ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས།།

 སྐུ་གསུམ་བོན་གྱི་བསྟན་པ་རྒྱས་གྱུར་ཅིག།

ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་མགོ་ཟླའི་དབང་ཚེས་དགེ་བར་གྲོགས་མཆེད་དམ་པ་དང་མཁའ་འགྲོ་ཆོས་སྒྲོན་དང་ཨརྱ་ཏཱ་ར་སོགས་ཀྱིས་བསྐུལ་བ་དང་། ཐོ་རངས་སུ་རྨི་ལམ་དུ་ཀ་མ་ལ་ཤཱི་ལ་ཞེས་པའི་ཞྭ་དཀར་དང་ལྭ་བ་དཀར་པོ་གྱོན་པའི་མི་བོ་ཆེ་ཞིག་དང་མཉམ་དུ་སྦས་ཡུལ་སྣ་ཚོགས་འགྲིམས་པའི་ཚོར་སྣང་སྐྱིད་པོ་ཞིག་དང་། ཀུན་སློང་རྣམ་དག་གིས་བདེན་ཚིག་ཐོལ་བྱུང་མ་འདི་ནི་དམ་པས་བསྩལ་མིང་རྨི་ལམ་དབང་ཕྱུག་གམ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་ཆ་ཤས་ཨེ་ཝྃ་ཀུན་བཟང་ཆོས་གླིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག་གུ།། དགེའོ། དགེའོ། དགེའོ།ཐ་ཚན་མུ་ཙུག་སྨར་རོ།། །།

དཔལ་དགྱེས་པ་རྡོ་རྗེ། བཞུགས་གནས། དབྱིན་ལན། ཨེ་ཝྃ་ཀུན་བཟང་ཆོས་གླིང་། (དུས་འཁོར་བཀའ་གཏེར་གྱི་འགྲེལ་ཆེན) སོགས་རྩོམ་པ་པོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *