༓ ཨཱོྃ་བདེ་ལེགས་སུ་གྱུར་ཅིག

རྩོམ་ཡིག་འདི་ཐེངས། 375 བཀླགས་འདུག

ཡུན་རིང་རྨོངས་པའི་གྲང་ངར་གྱིས་བཅིངས་པའི།།

གྲུབ་མཐའི་ཆགས་སྡང་འཁྱག་རོམ་རྙིང་བའི་རི།།

དག་སྣང་ཉིན་བྱེད་འོད་ཀྱིས་བཞུས་པ་ལས།།

མཛའ་མཐུན་ཉལ་འགྲོ་སྒེག་མོས་བྲོ་གར་རྩེན།།

དེང་སང་ལོག་ལྟའི་བྲག་ཕུག་སྐམ་པོ་ན།།
སྙེམས་པར་ཉལ་བའི་སྐྱེ་བོ་འགའ་ཞིག་གིས།།
སྐུར་འདེབས་འབྱུང་བྱའི་སྐད་ངན་གྱེར་ན་ཡང་།།
གྲོགས་མེད་ཁེར་རྐྱང་ལུས་པའི་སྡུག་གླུར་སྣང་།།

གནའ་བོའི་དུས་སུ་གདོང་དམར་བ་དག་གིས།།
འཇིགས་རུང་ཕན་ཚུན་གསོད་པའི་གཡུལ་ཀློང་ནས།།
སྙིང་ཉེ་འོས་པའི་སྤུན་ཟླའི་ཁྲག་དམར་གྱིས།།
རེ་ཞིག་སཱ་ལའི་ལྗོངས་དེ་མོག་པར་བྱས།།

འོན་ཀྱང་དུས་ཀྱི་འཕོ་འགྱུར་འགོག་མེད་པས།།
མཁས་མཛངས་མངའ་བའི་བློ་ལྡན་དཔུང་མང་གིས།།
ལུང་རིགས་བདེན་པའི་ང་རོ་སྒྲོག་པའི་ཚེ།།
རང་རིགས་སྐྱེ་བོ་གཉིད་ལས་སད་ལ་ཕྱོགས།།

བསྟན་པའི་མཛོད་འཛིན་ཀོང་སྤྲུལ་དམ་པ་དང་།།
ཆོས་ཉིད་མངོན་གཟིགས་ཤར་རྫ་ཆེན་པོ་སོགས།།
སར་བཞུགས་ངེས་པ་དོན་གྱི་རྣལ་འབྱོར་བའི།།
གཤེགས་ཤུལ་དྲི་མ་མེད་ལ་ཡིད་རང་འོས།།

བཀའ་རྟགས་ཕྱག་རྒྱ་བཞི་ཡི་ལྟ་བ་དང་།།
སྲིད་རྩེའི་གཉེན་པོ་མཆོག་གི་ཏིང་ངེ་འཛིན།།
མཐའ་གཉིས་སྐྱོན་གྱིས་མ་གོས་སྤྱོད་པ་སྟེ།།
བན་བོན་ལུགས་བཟང་ཐར་འདོད་རྣམས་ཀྱི་གསོས།།

བག་ཆགས་ཕྲ་རགས་རིམ་གྱིས་སྦྱོང་སླད་དུ།།
ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཆོས།།
མདོ་སྔགས་ཐེག་པའི་ལམ་དུ་གསལ་མཁས་པ།།
བཅོམ་ལྡན་ཤཱཀྱའི་རྒྱལ་དང་གཤེན་རབ་ཆེ།།

རྟེན་ཅིང་འབྲེལ་འབྱུང་སྣང་ཚུལ་རོལ་པ་ཡི།།
ཀུན་རྫོབ་ཤེས་བྱའི་རྣམ་གཞག་ལེགས་བཀྲལ་ནས།།
མཐར་ཐུག་དོན་དམ་གནས་ལུགས་ལ་འདྲེན་པ།།
བདེན་གཉིས་ཅན་གྱི་ཆོས་ཚུལ་འདི་ཀོ་རྨད།།

སྣ་ཚོགས་འབྱུང་བའི་འགལ་འདུ་ལས་གྲུབ་པའི།།
འཇིག་རྟེན་འདི་ཡི་གསང་བ་ཉེར་བརྟོལ་དེ།།
ཉིང་དགོས་ཞི་བ་ཆེན་པོར་གཞོལ་བའི་ཐབས།།
དུས་ཀྱི་མཐར་ཡང་བཞུགས་པ་བསྐལ་བ་བཟང་།།

ཨེ་མ་ནོར་འཛིན་ཡངས་པའི་ཁྱོན་ཀུན་ཏུ།།
རབ་བསིལ་བྱང་ཆུབ་ཤིང་གི་གྲིབ་བཟང་དང་།།
མཛེས་སྡུག་ཏི་སེ་ལྷུན་པོའི་འོད་ཟེར་གྱིས།།
རྣམ་མང་འགྲོ་ལ་བདེ་བའི་དགའ་སྟོན་འགྱེད།།

འཕགས་པའི་ཡུལ་དང་ཞང་ཞུང་ལས་ཐོན་པའི།།
ངོ་མཚར་བཅུ་ཕྲག་རིག་པའི་བོང་བ་ཆེས།།
ཕྱོགས་ཀྱི་སྐྱེ་བོའི་ཡིད་དབང་རབ་འཕྲོག་པས།།
བྷོ་ཊའི་ལྗོངས་ཞེས་སྙན་པ་ཀུན་ལ་བརྡལ།།

མདོར་ན་མཁས་དང་གྲུབ་པའི་བསྟན་འཛིན་ཀུན།།
ནག་ཕྱོགས་ཉེར་མཚེའི་གཡུལ་ལས་རྣམ་རྒྱལ་ཞིང་།།
ཐུགས་ཀྱི་བཞེད་དགོངས་མཐའ་དག་མངོན་གྱུར་ནས།།
མཛད་འཕྲིན་དབྱར་གྱི་མཚོ་བཞིན་བརྟས་པར་སྨོན།།

ཐུབ་བསྟན་ཉི་མ། བཞུགས་གནས། ཨ་རི། Dharmata Foundation ཆོས་ཚོགས་ཀྱི་དབུ་འཛིན། (ཟབ་མོ་དབུ་མའི་རྩོད་ཟློག་མུན་སེལ་ཉི་མ་)སོགས་ཀྱི་རྩོམ་པ་པོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *