ང་ཡི་ཞང་ཞུང་།
རྩོམ་ཡིག་འདི་ཐེངས། 3237 བཀླགས་འདུག
ཏི་སེ་གངས་རྒན་བླ་རུ་མཐོ་ས་ནས།།
མ་པང་མཚོ་གཉན་ཟབ་ཏུ་འཁྱིལ་ས་ན།།
རི་བོ་ནག་པོ་ཟོར་དུ་བརྒྱུས་པ་ལ།།
གཤེན་རབ་བོན་པོས་སྨྲང་ཚིག་ངག་ཏུ་གྱེར།།
།
གཡས་ན་སྟག་རི་ངར་གྱིས་ཁྲོ་བགས་དང་།།
གཡོན་ན་མུ་ལེ་མཚོ་ཡིས་མཛེས་ཉམས་འཁྱུད།།
དུག་རི་མདུན་དུ་བསྐྱེང་བའི་ཟོལ་འགྱུར་དེས།།
བདུད་འདུལ་བོན་པོས་སྒྲ་བླ་ཁབ་ཏུ་དྲངས།།
།
རྒྱུང་ཡ་གནམ་ལ་གཤེགས་པའི་མཁར་ཤུལ་དང་།།
བླ་ཆེན་རྒྱ་ལ་ཕེབས་པའི་དར་ལམ་ན།།
གུར་གྱམ་དགོན་པའི་གཡེར་དྲིལ་སིང་སིང་ཁྲོད།།
འཇིགས་མེད་ནམ་མཁའི་རྨི་ལམ་མཐའ་ནས་གསལ།།
།
ཁྱུང་ལུང་དངུལ་མཁར་དུད་དུ་སྦས་ཤུལ་ན།།
ཞང་ཞུང་མངའ་ཐང་རླུང་གིས་ཁྱེར་ཤུལ་ན།
མ་བཞེངས་རྡོ་སྐུ་ས་ནས་འབུས་པ་དེས།།
གཤེན་བཙུན་བོན་པོའི་ལས་མཐའ་གྲུབ་པའི་རྟགས།།
།
ཤག་ཤག་རླུང་བུས་རྒྱང་འབོད་བྱེད་དང་གཅིག།
བྱེ་མཁར་ལྷུན་པོས་མུ་འཚམས་སྦྲེལ་དང་གཉིས།།
པུ་ཧྲེང་རྐྱང་རྒོད་གང་སར་འཕྱན་དང་གསུམ།།
ང་ཡི་ཞང་ཞུང་མིག་གིས་བལྟད་མོར་སྣང་།།
།
གནམ་བོན་དགའ་བའི་དུངས་པ་གླེང་གི་མེད།།
མ་འཐད་ཚིག་གིས་གཤེ་བའི་ཆོ་འཁྲུལ་མེད།།
རིགས་ཀྱི་བླ་རྐང་འཚོང་བའི་ནུས་པའང་མེད།།
མེད་པ་གསུམ་འདི་ཤེས་ན་དགོས་པ་ཡོད།།
།
ཆུ་བཞི་ལྷུང་ལྷུང་རྒྱུ་བའི་གཞིས་ཁ་ནས།།
སྒང་དྲུག་གྲལ་ལ་བསྟར་བའི་ལུང་གཤོག་ཏུ།།
མདོ་ཁམས་མི་ཡི་སྲས་པོས་བྲིས་པ་ཡིན།།
ཡ་བྲང་ཁྱིམ་དྲོད་ལྡེ་བའི་གཡུ་འབྲུག་པས།།
།
ཡ་བྲང་གཡུ་འབྲུག གཟི་ཆུ་མིག་ཀྱང་ཟེར། སྡོད་གནས། བོད། ཆབ་མདོ། (དཀར་པོ་ལྷ་དང་ནག་པོ་བདུད།)སོགས་ཀྱི་རྩོམ་པ་པོ།
བསམ་ཚུལ་ཕྲིས།