བོན་གྱི་དཔེ་དེབ་གསར་ཐོན་གྱི་གསལ་བསྒྲགས།

རྩོམ་ཡིག་འདི་ཐེངས། 2594 བཀླགས་འདུག

A

     རང་ཅག་བོན་འབངས་རྣམས་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་སྐྱེས་མཆོག་དམ་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གིས་ཉེ་ཆར་གདུལ་བྱའི་རྟག་འཛིན་གྱི་མདུད་པ་བཀྲོལ་བའི་ཕྱིར་དུ་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་འདིས་ལྷར་བཅས་འགྲོ་བ་སྤྱི་དང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་རྗེས་སུ་འཇུག་པའི་གདུལ་བྱ་ཡོད་དོ་ཅོག་ཆེས་བཟོད་ཐབས་བྲལ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའི་གནས་སུ་ལྷུང་བ་སྨྲོས་ཅི་ལ་དགོས།

    དེས་ན་༧དཔོན་གསས་བླ་མ་དམ་པའི་བཀའ་དྲིན་བླ་ན་མ་མཆིས་པ་དྲན་པ་དང་ཤེས་པའི་སྒོ་ནས་རང་ཉིད་ས་ཕྱོགས་གང་དུ་གནས་ཀྱང་རུང་རང་ནུས་ཀྱིས་བསྟན་འགྲོའི་བྱ་བར་འབད་ཐུབ་ཚེ་རང་གིས་ཡུན་གྱིས་བསགས་པའི་བསོད་ནམས་བཟང་པོའི་ལས་ཀྱི་འཕྲོ་མཐུད་པ་དང་། ད་ལྟའི་མི་ཚེ་དོན་ཡོད་དུ་སྒྲུབ་པའི་འགན་འཁྲི་ཕྲག་ཏུ་ལོངས་པ། ཁྱད་པར་དུ་༧དཔོན་གསས་བླ་མའི་ཐུགས་བརྩེས་ཚེ་རབས་ནས་ཚེ་རབས་སུ་འདོར་དུ་བྲལ་བའི་བྱིན་རླབས་དྲོན་མོ་ཞིག་རང་ཉིད་ཀྱི་སྲོག་རྩར་བརྒྱུས་པ་དེའོ།

B

    དེ་མཚུངས་ལྟར་འདི་ག་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་ཡན་ལག་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་མེ་ཏོག་ཆུང་ཀྱང་མཆོད་རྫས་ཞེས་པའི་དཔེ་ལྟར་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་དུ་བྲལ་བའི་༧དཔོན་གསས་བླ་མ་དམ་པའི་བཀའ་དྲིན་དྲན་པའི་འདུ་ཤེས་ཙམ་མཚོན་བྱེད་དུ་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་མཛད་རྣམ་ཆེས་ཉུང་དུ་བསྡུས་པ་མཚན་དུ་༼སངས་རྒྱས་གཤེན་རབ་མི་བོ།༽ཞེས་དབྱིན་བོད་ཟུང་འབྲེལ་བརྙན་རིས་ཅན་གྱི་དེབ་ཆུང་གཅིག་དང་། ལུང་རིག་སྨྲ་བའི་མཁས་མཆོག་སྨན་རིའི་མཁན་རབས་ཉེར་གསུམ་པ་༧ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་སྐྱབས་འགྲོའི་རྣམ་བཞག་༼དགེ་སྤྱོད་འཕགས་ནོར་བདུན་གྱི་ནང་ཚན་སྐྱབས་འགྲོའི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉི་འོད།༽དེ་ཉིད་འཛམ་གླིང་གི་སྐད་རིགས་ཆེན་པོ་གསུམ་སྟེ་དབྱིན་ཇི་དང་། English རྒྱ་ཡིག中文 སུ་པེན་ Spanish བཅས་སུ་ཕབ་བསྒྱུར་དང་དེབ་གཟུགས་སུ་དཔར་སྐྲུན་ལེགས་པར་གྲུབ་ནས་བཀུར་འོས་ཀློག་པ་པོ་དག་གི་སྤྱན་སྔར་འགྲེམས་སྤེལ་གྱི་འགོ་རྩོམ་བཞིན་ཡོད།

   དེས་ན་དཔེ་དེབ་འདི་དག་ཐུགས་མཁོ་ཚེ་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་དང་། རྒྱལ་གཤེན་དཔེ་སྐྲུན་ཁང་། ཡང་ན་རྒྱལ་གཤེན་བོན་སྒྲའི་དྲ་ཚིགས་རྩོམ་སྒྲིག་པ་སུ་རུང་ལ་འབྲེལ་གཏུགས་གནང་འཐུས་པ་བཅས་ཀྱི་གསལ་བསྒྲགས་སུ། །

རྒྱལ་གཤེན་དཔེ་སྐྲུན་ཁང་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *