སྙིགས་དུས་ཀྱི་ལྷ་ཆེན་པོ།

རྩོམ་ཡིག་འདི་ཐེངས། 803 བཀླགས་འདུག

དགོངས་པ་རྫོགས་པ།

བདེ་བར་གཤེགས་པ།

མྱང་ངན་འདས་པ།

ཐ་སྙད་ཀྱི་བླ་གབ་ཆེན་པོ་དག་ནི

བླ་མའི་སྐུ་ཚེ་རྫོགས་པའི་མཚན་བྱང་ཡིན་ལ།

སྤྲུལ་སྐུའི་དབུགས་རྒྱུན་ཆད་པའི་བརྡ་ཆད་ཡིན།

ཀྱེ་ཀྱེ་སྙིགས་དུས་ཀྱི་ལྷ་ཆེན་པོ།

སྐུ་མཚན་དཔེའི་མེ་ཏོག་ཡོངས་སུ་ཟིམ་དུས།

བླ་མའི་དགོངས་པ་རྫོགས་སྟངས་ནི་མངོན་པར་གསལ་ཞིང་མངོན་པར་དོད།

དེ་ཤེད་ཅིག་ལ།  ངའི་སྣང་ཚུལ་དུ་མྱ་ངན་འདས་པ་ནི།

བླ་མ་ཞིག་གི་ཆེས་མཐའ་མའི་རྒྱུགས་སྤྲོད་རང་ལུགས་ཤིག་ཡིན་པའང་ཉམས་ལ་འཚེར།

ཉམས་ལེན་གྱི་ཤེལ་མིག་སྟོང་བའི་བདེར་གཤེགས་ཀྱི་ཐུགས་སྲས་ནི

དགོངས་པ་རྫོགས་པའི་ལམ་འཕྲང་གཅོད་མི་ནུས་པ་ཡང་ཁྱེད་ཀྱིས་གསལ་འདེབས་བྱས།

ཀྱེ་ཀྱེ་སྙིགས་དུས་ཀྱི་ལྷ་ཆེན་པོ།

ཁྱེད་བཞུད་ལམ་གྱི་ཞབས་རྗེས་རེ་རེ་ལས།

སྐྱེས་བུ་ཆེན་པོའི་མཚན་ཉིད་དོན་གྱིས་ངེས་ལ།

བླ་མ་བླ་མའི་མཛད་པ་དངོས་སུ་མཐོང་།

ད་རུང་།  བྱམས་པ།   སྙིང་རྗེ།    བརྩེ་བ།

དེ་དག་ནི་ཁྱེད་ཀྱི་སྐུ་ཚེའི་འགྲོ་བ་འདྲེན་སྟོན་གྱི་ཕྱག་ཆ་སྣ་གཅིག་ཡིན་པ་བདག་གིས་བརྗོད་ཀྱིས་མི་ལང་།

ཕྱུག་དབུལ་གཉིས་མེད།   དགྲ་གཉེན་རིས་མེད།

ཁྱབ་བརྡལ་གྱི་ཕྱག་ཟུང་དྲོན་མོ་ཀུན་ལ་བགོས་པ་ཡང་བསམ་གྱིས་མི་ཁྱབ།

ཨེ་མ་བདག་གི་དུས་གསུམ་གྱི་བླ་མ།

ས་ཆེན་གྱི་སེམས་དཔའ།

ཐུགས་རྗེས་སྐྱོངས་ཤིག   ཐུགས་རྗེས་ཟུངས་ཤིག

ངའི་དད་པའི་ཨ་ལུང་ན་ཁྲི་གདུགས་ཀྱི་ཉི་མ་བཞིན

འོད་ཟེར་ཀྱི་བྱིན་རླབས་སྩོལ་མཁན་ཁྱེད་ཡིན་ལ།

ངའི་སྙིང་ཆུང་དམར་པོའི་དཀྱིལ་འཁོར་ན

བརྟན་བརླིང་ངང་གྲོང་ངེར་བཞུགས་ཐུབ་པ་ནི་ཁྱེད་ཁོ་ནའོ། །

སྙིགས་དུས་ཀྱི་ལྷ་ཆེན་པོ།

ཁྱེད་ལ་མཇལ་ཐུབ་ཅིང་མཛད་འཕྲིན་གཞལ་ནུས་པས

བླ་མའི་གབ་ཚིག་ལ་དོན་འགྲེལ་གཞི་ནས་ངེས་ཤིང

བླ་མའི་མཛད་པ་ལ་འགྲེལ་ཆེན་སེམས་ཀྱིས་བཏབ།

བདག་གི་སྤྱི་གཙུག་གི་བླ་མ།

སྙིང་དབུས་ཀྱི་སེམས་དཔའ།

ངས་ཁྱེད་ལ་ཡང་སྤྲུལ་མྱུར་བྱོན་གྱི་འོ་དོད་མི་བགྱི་ལ།

སླར་ཡང་འཁོར་བར་སྐྱེ་བའི་གསོལ་བ་མི་གདབ་བོ། །

དེ་ནི།

ང་དང་འགྲོ་བར་ཁྱེད་ཀྱི་ཐུགས་རྗེ་མ་མཁོ་བ་ག་ལ་ཡིན།

མཐའ་ཀླས་སེམས་ཅན་ལ་ཁྱེད་ཀྱི་བྱམས་བརྩེ་མ་དགོས་པ་དེ་བས་ཀྱང་།

འོན་ཏེ། ད་ལྟའི་མྱི་ལ་སྒྱུ་མ་ཆེ་ཞིང་གདུག་རྩུབ་མང་བས

བྱིས་པ་བསམ་མེད་ཅིག་ཁྱེད་ཀྱི་གདུང་ཚབ་ལ་བསྐོས་པ་ནི

བདག་གིས་ནམ་ཡང་གསོལ་བ་མི་འདེབས།

གུས་ཕྱག་མི་འཚལ།

བདག་གི་བླ་མ་རིན་པོ་ཆེ།

གལ་དེ་འགྲོ་བའི་ལས་དོན་ལ་སྡོམ་ཚིག་བཀོད་མེད་ན།

གདུལ་བྱའི་སླད་ཕྱིར་དུ་རྫོགས་ཚིག་བྲིས་མེད་ན།

ཁྱེད་ད་རུང་མི་ཡུལ་དུ་ཐེངས་གཅིག་འབྱོན་དགོས་པས

གསེར་ཞལ་སྟོན་ཕྱིར་མཛད་པ་མི་བརྗེ་རོགས།

ཐུགས་རྗེས་དགོངས།   མཁྱེན་པར་མཛོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *