མཁས་དབང་ Prof. Per Kvaerne དང་བསྒྲགས་པ་གླིང་གྲགས།

རྩོམ་ཡིག་འདི་ཐེངས། 3472 བཀླགས་འདུག

screen-shot-2017-01-04-at-6-03-30-pmཉེ་ཆར་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གིས་བཀོད་སྒྲིག་འོག་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་སློབ་དཔོན་ཕེར་ཁེ་རན་ Prof. Per Kvaerne ལགས་ཀྱིས་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཆེན་མོ་”བསྒྲགས་པ་རིན་ཆེན་གླིང་གྲགས་”སྐོར་གྱི་གསུང་བཤད་སྤེལ་བ་དང་། གསུང་བཤད་ཀྱི་གཙོ་སྐྱོང་བ་མཁས་དབང་ཆེན་མོ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གནང་བ་ཞིག་ Youtube ཐོག་ཡོད་པ་འདིར་བཀོད་ཡོད། དེ་བཞིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པའི་མཐའ་མའི་སྡོམ་ཚིག་དེར་གསན་གཟིགས་མཛོད། །

འོན་ཀྱང་། བོད་ནང་ནས་གཤམ་གྱི་དྲ་ལམ་བརྒྱུད་ཐད་ཀར་གཟིགས་མི་ཐུབ་པའི་སྐད་ལན་དང་འབྲེལ་ཡིག་ཐོག་ཏུ་འཁོད་པའི་རེ་བ་མང་པོ་ཞིག་གནང་འདུག་པས་འདི་ག་རྒྱལ་གཤེན་བོན་སྒྲས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཇུག་སྡོམ་གསུང་བཤད་གཅིག་པུ་ཡིག་ཐོག་ཏུ་བཀོད་ཡོད། །


screen-shot-2017-01-04-at-5-34-49-pm“བོད་པས་ལོ་རྒྱུས་འབྲི་དུས་དཔེར་ན། དེབ་ཐེར་དམར་པོ་ཡིན་ན་འདྲ། དེབ་ཐེར་སྔོན་པོ་ཡིན་ན་འདྲ། ཡང་མིན་ན་དེབ་ཐེར་དམར་པོ་གསར་མ་ཡིན་ན་འདྲ། སུ་གཅིག་གིས་བོན་པོའི་དཔེ་ཆ་ལུང་དྲངས་ཡོད་པ་མ་རེད། སུ་གཅིག་གིས་ཏུན་ཧོང་གི་ཡིག་ཆ་ལུང་དྲངས་ཡོད་པ་མ་རེད། དེབ་ཐེར་དམར་པོ་ ༡༣༠༠ ནང་དུ་བྲིས་པ་རེད། དེའི་ནང་རྒྱ་ནག་གི་རྒྱལ་རབས་ཐང་ཧྲུས། རྒྱ་ནག་གི་ཐང་རྒྱལ་རབས་ནས་བོད་དང་འབྲེལ་བ་ཡོད་པ་ཁག་ཅིག་ཐེངས་དང་པོར་ལུང་དྲངས་ཡོད་པ་རེད། བྱས་ཙང་། ཕྱི་རྒྱལ་ནས་བོད་ཀྱི་རྒྱལ་རབས་ལབ་དུས་ག་རེ་བཤད་ཀྱི་ཡོད་པ་རེད། རྒྱལ་རབས་བཤད་སྟངས་མ་འདྲ་བ་ག་རེ་འདུག ཁུངས་མ་འདྲ་བ་ག་རེ་འདུག དེ་ཚང་མའི་སྒང་དུ་ཞིབ་འཇུག་བཟོ་བཞིན་ཡོད་པ་རེད། ང་ཚོར་དཔེར་ན་ཆ་བཞག་ན། ཧུན་ཧོང་གི་ཡིག་ཆ་སུ་ཡིས་བེད་སྤྱོད་བཏང་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་ ༡༩༤༠ ནང་ལ་གཞི་ནས་ཏུན་ཧོང་གི་ཡིག་ཆ་དེ་ཚོ་བེད་སྤྱོད་བཏང་ཡོད་པ་རེད། ཡིན་ན་ཡང་། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་ལ་བོན་པོའི་དཔེ་ཆ་ལུང་དྲངས་ཡོད་པ་མ་རེད། རྒྱ་དཀར་དུ་སླེབས་ཚར་ནས་བོད་ཀྱི་རྒྱལ་རབས་སྐད་གྲགས་ཆེ་ཤོས་དེ་རྩིས་དཔོན་ཞྭ་སྒབ་པས་བྲིས་པའི་བོད་ཀྱི་རྒྱལ་རབས་དེ་རེད། ༡༩༧༦ ལོར་པར་རྒྱབས་པ་རེད། ཡིན་ན་ཡང་། ༡༩༧༢ ལ་གཤེེགས། ༡༩༦༠ ནང་ལ་བྲིས་བཞག་པའི་དཔལ་ལྡན་ཚུལ་ཁྲིམས་ཞེས་བོན་པོའི་མཁས་པ་ཧ་ལས་པ་ཞིག་བྱུང་བ་རེད། ཁོང་གིས་བརྩམས་པའི་བོན་པའི་ཆོས་འབྱུང་ཡིན་ན་འདྲ། ཁོང་གིས་བརྩམས་པའི་བོད་ཀྱི་ཆོས་འབྱུང་ཡིན་ན་འདྲ། ནང་པའི་ཆོས་འབྱུང་ཡིན་ན་འདྲ། དེ་དག་ནང་ནས་ཞྭ་སྒབ་པས་ལུང་གཅིག་ཀྱང་དྲངས་ཡོད་པ་མ་རེད། ང་ཚོ་བོད་རང་གིས་ལོ་རྒྱུས་འབྲི་དུས་གོམས་གཤིས་དེ་ག་རེ་ཡོད་པ་རེད་ཟེར་ན། བསམ་བློའི་འདུ་ཤེས་འཛིན་སྟངས་དེ་ག་རེ་རེད་ཟེར་ན། ཡིན་གཅིག་མིན་གཅིག་ནང་པ་དང་ཆོས་པ་དེ་ཚོས་རང་གི་ལུང་དྲངས་པ་མ་གཏོགས་གཞན་ཞིག་ལ་བལྟ་རོགས་བཟོ་གི་ཡོད་པ་མ་རེད། ག་རེ་ལབ་འདུག མ་འདྲ་བ་ག་རེ་འདུག བཤད་སྟངས་མ་འདྲ་བ་ག་རེ་འདུག ཁྱོན་ནས་དེ་འདྲ་བལྟ་རྒྱུའི་གོམས་གཤིས་ཡོད་པ་མ་རེད། ད་འདིའི་གོམས་གཤིས་བོད་པའི་སྤྱི་ཚོགས་ནང་ལ་མིག་ཕྱེ་བ་ནང་བཞིན་བཟོ་མཁན་སུ་རེད་ཟེར་ན། ནམ་མཁའི་ནོར་བུ་རིན་པོ་ཆེ་རེད། ༡༩༧༢ ནས་བཟུང་། དང་པོར་སི་ཝི་སེར་ Switz བོད་ཀྱི་གཞོན་ནུ་ཚོགས་པ་ལ་དང་པོར་བོད་པའི་ལོ་རྒྱུས་བཤད་རོགས་ཀྱིས་ལབ་དུས། བོན་པོའི་ལོ་རྒྱུས་ལ་བལྟས་བྱས། གལ་ཏེ་ང་ཚོ་ལོ་རྒྱུས་དེ་བོད་ཀྱི་ civilization དང་། བོད་ཀྱི་ལོ་རྒྱུས་དེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག བལ་ཡུལ་དང་དེ་ཚོ་དང་གཅིག་པ་ཞིག་དགོས་ཀྱི་ཡོད་ན། ང་ཚོའི་ལོ་རྒྱུས་དེ་རྙིང་པ་དགོས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོས་བལྟས་བསྡད་པའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། རྒྱ་གར་དང་རྒྱ་ནག་ཚང་མ་མི་ཆགས། ཤེས་ཡོན་ཡོད་པ་ཆགས། རིག་གནས་ཡོད་པ་ཆགས་དུས། ང་ཚོ་ད་དུང་སྤྲེའུ་བྱས་ནས་བསྡད་བསྡད་ཡོད་པ་རེད། ད་དེ་འགྲིག་གི་མི་འདུག ཁྱིམ་མཚེས་རྒྱལ་ཁབ་ཚང་མ་རིག་གནས་ཅན་གྱི་སྤྱི་ཚོགས་རེད་ཚར་དུས་ང་ཚོ་ད་དུང་སྤྲེའུ། ཡང་མིན་ན་གླ་གློ་བྱས་ནས་བསྡད་ཡོད་པ་རེད། གློ་བ་བྱས་ནས་བསྡད་བསྡད་ཡོད་པ་རེད། ད་དེ་འགྲིག་གི་མི་འདུག ད་འགྲིག་གི་མེད་ན་ཁ་གསབ་ཁ་སྐོང་དེ་ག་རེ་བྱེད་དགོས་ཀྱི་འདུག གང་བར་བལྟ་དགོས་ཀྱི་འདུག་ཟེར་ན། བོན་པོའི་ཡིག་ཆར་བལྟ་དགོས་ཀྱི་འདུག་ཟེར་ནས་རིན་པོ་ཆེས་བོན་པོའི་ཡིག་ཆ་བལྟ་གནང་ནས་དེ་བཟོས་པ་རེད། དང་པོར་གཟི་ཡི་འཕྲེང་བ་ཟེར་བ་དེ་ Switz གཞོན་ནུ་ཚོ་ལ་ལེགས་འཆར་བཤད་པའི་ཟིན་བྲིས་དེ་རེད། ད་དེའི་རྗེས་ན་གཏམ་ནོར་བུའི་དོ་ཤལ། ཏི་སེའི་འོད་ཟེར་བ་འདྲ་བོ་རིན་པོ་ཆེས་ཕྱག་དེབ་མང་པོ་བརྩམས་ཡོད་པ་རེད། ད་ང་ཚོ་ལ་དཀའ་ངལ་ཡོད་པ་རེད། བོད་པ་ཟེར་བ་ཕན་ཚུན་འཐེན་འཁྱེར་ཆེན་པོ་རེད། ཕྱོགས་ཞེན་ཆེན་པོ་རེད། དེ་འདྲ་ཡིན་དུས། མང་པོ་ཅིག ལྷག་པར་དུ་རྙིང་མ་པ་མང་པོ་ཞིག་གིས། ཧུན། ནམ་མཁའི་ནོར་བུ་རིན་པོ་ཆེ་ཟེར་རྒྱུ་དེ་བོན་པོ་ཡིན་ས་རེད། ཁུངས་གང་བར་གཏུགས་ན་བོན་པོ་ཤ་སྟག་ལ་གཏུགས་ཡོང་གི་འདུག ཁོང་བོན་པོ་སྡུག་ཅག་དེ་ཡིན་ས་རེད། དེ་འདྲ་བཤད་ཡོད་པ་རེད། རིན་པོ་ཆེ་བོན་པོ་མ་རེད། དངོས་གནས་བྱས་ན་ཁོང་ཕ་ཡུལ་དུ་ཡོད་དུས་བོན་པོའི་དཔེ་ཆ་ཞིག་ཕལ་ཆེར་མཐོང་མྱོང་ཡོད་རྒྱུ་མ་རེད། ད་ཨེ་ཏྲི་ལ་ Italy གྱི་གྲོང་ཁྱེར་ Rome དཔེ་མཛོད་ཁང་དུ་ཞིབ་འཇུག་བྱས་པའི་སྐབས་དེར་བོན་པོའི་དཔེ་ཆ་དཔེ་མི་ཚད་མང་པོ་ཡོད་པ་རེད། དེ་ཚོ་ཚང་མར་རིན་པོ་ཆེས་དཀར་ཆག་བཟོས། མཇལ་ཡོང་དུས་ཙ་ནས། ལོ་རྒྱུས་བཤད་སྟངས་མ་འདྲ་བ། དུས་རྒྱུན་ང་ཚོས་བཤད་སྟངས་དང་མ་འདྲ་བ་འདི་འདྲ་འདི་འདྲ་འདུག་ཅེས་རྙེད་ཡོད་པ་རེད། དཔེར་ན་ཆ་བཞག་ན། གོང་དུ་ Prof. Per Kværne ལགས་ཀྱིས་དུས་རབས་བཅུ་གཉིས་པའི་སྐབས་སུ་ཡིན་པ་བསྒྲགས་པ་གླིང་གྲགས་ནང་དུ་དུས་རྒྱུན་ང་ཚོས་བཤད་སྟངས་དང་རྩ་བ་རང་ནས་འདྲ་གི་ཡོད་པ་མ་རེད། འདི་ཡག་པོ་རེད། འདི་སྡུག་ཅག་རེད། འདི་ཁུངས་ཡོད་རེད། འདི་ཁུངས་མེད་རེད་ཟེར་གྱི་ཡོད་པ་མ་རེད། འཆད་སྟངས་དང་བཤད་སྟངས་མ་འདྲ་བ་འདི་འདྲ་ཞིག་འདུག་ཟེར་རྒྱུ་དེ། བལྟ་སྟངས་ཟེར་ན་འདྲ། གནད་འགག་དེ་འདྲ་ཆགས་ཀྱི་ཡོད་པ་རེད། ད་དེང་སང་ནམ་མཁའི་ནོར་བུ་རིན་པོ་ཆེའི་ཁུངས་དེ་ཚོ་ཁུངས་དྲངས་ཀྱི་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱི་ཏུན་ཧོང་དང་། ཐང་ཧྲུས་གསར་རྙིང་གི་ཡིག་ཆ་དེ་ཚོ་ཁུངས་དྲངས་ཀྱི་ཡོད་པ་རེད། དེང་སང་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་བོད་ལ་ཡོད་བསྡད་པའི་མཁས་པ་ཚང་མས་བོན་པོའི་ལོ་རྒྱུས་ཡིག་ཆ་རེར་བལྟ་རྒྱུའི་འགོ་བཙུགས་ཚར་ཡོད་པ་རེད། འཐེན་འཁྱེར་དང་ཕྱོགས་ཞེན་མེད་པའི་ཐོག་ནས་ལོ་རྒྱུས་དེ་ཡང་དག་པ་དང་། ལོ་རྒྱུས་དེ་ཁུངས་བརྩན་པོ་དང་། ལོ་རྒྱུས་དེ་ཕྱིར་བཀྱེད་ག་ཚོད་ཅིག་རྒྱབ་ཐུབ་ཀྱི་འདུག ལོ་ལྔ་སྟོང་གི་སྔོན་གྱི་སྐད་ཆ་བཤད་ཐུབ་ཀྱི་འདུག་མི་འདུག དྲུག་སྟོང་གི་སྔོན་གྱི་སྐད་ཆ་བཤད་ཐུབ་ཀྱི་འདུག་མི་འདུག དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་བལ་ཡུལ་དང་དེ་ཚོ་དང་འདྲ་བའི་ civilization དཔལ་ཡོན་དང་རིག་གནས་ཡོད་པའི་སྤྱི་ཚོགས་ཞིག་ཏུ་བསྒྲུབ་ཐུབ་ཀྱི་འདུག་མི་འདུག དེར་བལྟ་ནས་རེད་པ། དབྱིན་ཇིའི་སྐད་དུ་བྱས་ན་ Identity གསར་པ་ཞིག་བཙལ་གྱི་ཡོད་པ་རེད། དེ་འདྲ་སོང་ཙང་གནད་འགག་ཡོད་པ་དེ་འདྲ་ཞིག་རེད །”

སློབ་དཔོན་ཆེན་མོ་ Prof. Per Kværne ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། དམིགས་བསལ་དུ་བོན་དང་གཡུང་དྲུང་བོན་གྱི་སྐོར་ལ་ཐུགས་སྣང་རྒྱ་ཆེར་གནང་བ་སོགས་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ཞིག་རྒྱལ་གཤེན་བོན་སྒྲའི་”མི་སྣ་ངོ་སྤྲོད་”ཅེས་པའི་ལེའུ་ཚན་དུ་གྲ་སྒྲིག་བྱེད་བཞིན་ཡོད། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *