སྲིད་པ་ཧོས་ཀྱི་བོན་དབྱངས།

རྩོམ་ཡིག་འདི་ཐེངས། 715 བཀླགས་འདུག

hh-doing-chamma-empowerment-2013

སྲིད་པ་ཧོས་ཀྱི་བླ་རི།
དྲུང་མུ་གྱེར་གྱི་བླ་མཚོ།
གཡུང་དྲུང་བོན་གྱི་གནས་རི།
གནས་མཆོག་གངས་རི་མཚོ་གསུམ།
ཞང་ཞུང་བོན་གྱི་བླ་རྟགས།

གསེར་གྱི་ཉི་མ་སེར་པོ།
དུང་གི་ཟླ་བ་དཀར་ཆུང་།
གནམ་ལ་ཉི་ཟླ་ཟུང་གཅིག
སྣང་སྲིད་རྒྱན་དུ་ཤར་བ།
ཡོད་ཁམས་སྲིད་པའི་དཔལ་ཡོན།

བོད་རྒྱལ་གཉའ་ཁྲི་བཙན་པོ།
གཤེན་ཆེན་སྣང་བ་མདོག་ཅན།
ས་ལ་རྒྱལ་གཤེན་ཟུང་གཅིག
བསྟན་འགྲོའི་མགོན་དུ་འཁྲུངས་པ།
མཐོ་སྒང་མེས་པོའི་བསོད་ནམས།

སྔོན་ཆད་གངས་རིའི་ལྗོངས་འདིར།
བོན་ཁྲིམས་དར་གྱི་མདུད་པ།
རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་།
ལུགས་གཉིས་མངའ་ཐང་དར་བ།
སྤུ་རྒྱལ་བཙན་པོའི་མཛད་རྗེས།

གཏེར་སྟོན་གཤེན་གྱེར་རྨ་དབྱིལ།
རྒྱུད་འཛིན་བྲུ་ཞུ་སྤ་རྨེས།
ཞང་བོད་མེས་པོའི་ཕ་ནོར།
གཡུང་དྲུང་བོན་བསྟན་སྤེལ་བ།
རྒྱལ་གཤེན་གོང་མའི་འཕྲིན་ལས།

བྲུ་ཞུ་སྤ་རྨེའི་གཙུག་རྒྱན།
རྒྱུད་གསུམ་བསྟན་པའི་མདོ་འཛིན།
ཀུན་མཁྱེན་མཉམ་མེད་བླ་མས།
བཤད་སྒྲུབ་བསྟན་པ་སྤེལ་བ།
གཡུང་དྲུང་བོན་གྱི་རིང་ལུགས།

རྒྱལ་བ་གཉིས་པའི་རྒྱལ་ཚབ།
གཡུང་དྲུང་བོན་གྱི་བསྟན་བདག
ལུང་རྟོགས་བསྟན་པའི་ཉི་མས།
བོན་བསྟན་མཐའ་ནས་སྤེལ་བ།
རིག་འཛིན་གོང་མའི་ཐུགས་བསྐྱེད།

ཨ་ཧོ་བསྐལ་པ་བཟང་སོང་།
བླ་མའི་སྐུ་ཚེ་རིང་སོང་།
བཤད་སྒྲུབ་བསྟན་པ་འཕེལ་སོང་།
ཡོན་བདག་འབྱོར་བ་རྒྱས་སོང་།
ཀི་བསྭོ་ཆེའོ་ལྷ་རྒྱལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *