གངས་ལྗོངས་སྟག་ཤར་ཕུར་པ་སྐྱབས།

རྩོམ་ཡིག་འདི་ཐེངས། 4168 བཀླགས་འདུག

IMG_7891ཡོངས་གྲགས་སུ་གངས་ལྗོངས་སྟག་ཤར་ཕུར་པ་སྐྱབས་ནི་ཕྱི་ལོ་ ༡༩༨༥ ལོའི་ཟླ་ ༧ ཚེས་ ༨ ཉིན་མདོ་སྨད་རྒྱལ་རོང་ཆུ་ཆེན་རྫོང་ཁྲོ་སྐྱབས་བར་མའི་སྡེ་བ་འོ་བཟེ་ཡུལ་ཚོའི་ཞིང་ལས་དུད་ཚང་དཀྱུས་མ་ཞིག་གི་ཕ་དབང་ཕྱུག་དང་མ་དཔལ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས།  ལོ་ན་དྲུག་ནས་བཟུང་སྤྲོ་སྡེ་ཡུལ་ཚོའི་སློབ་ཆུང་འགྲིམས་པའི་འགོ་བརྩམས་ཏེ་འཛིན་གྲྭ་གསུམ་གྱི་བར་དུ་སྤྲོ་སྡེའི་སློབ་ཆུང་འགྲིམས། འཛིན་གྲྭ་བཞི་པ་ནས་དྲུག་པའི་བར་དུ་འོ་བཟེ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་འབྲས་བུ་གཡུར་དུ་སྨིན་ནས་རྒྱ་ཡིག་སློབ་ཆུང་མཐར་ཕྱིན་པ་མ་ཟད་གསུམ་བཟང་སློབ་མའི་མཚན་བཟང་ཡང་ཐེངས་མང་པོར་ཐོབ་མྱོང་།   ད་དུང་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུའང་ཞབས་བྲོ་དང་རྒྱུགས་རྩེད་གླུ་གར་སོགས་འཛིན་གྲྭ་སོ་སོའི་འགྲན་བསྡུར་ཁྲོད་སློབ་མ་རྩེ་ཕུད་ཀྱི་གྲས་ཡིན།

ཕུར་པ་སྐྱབས་ཀྱིས་བཤད་རྒྱུར་”ཆུང་དུས་ཨ་ཕས་ཕུ་བོ་སྐལ་བཟང་བཀྲ་ཤིས་ངེད་གཉིས་ལ་ལྷམ་གསར་བ་རེ་རེ་ཉོས་དུས་ང་ནི་རྩལ་རྒོད་ཅིང་བྲ་ཚག་ཞིག་ཡིན་པས་ལྷམ་གཡས་པའི་སྣེ་མོ་རལ་རྒྱུ་ཧ་ཅང་མགྱོགས་ལ་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཆ་མེད་ཀྱི་མི་སྣ་སོགས་ལ་ཐུག་འཕྲད་བྱུང་བ་དང་རང་ཁྱིམ་དུ་མགྲོན་པོ་གཞན་རེ་འབྱོར་ཚེ་ངོ་ཚ་སྟེ་མདུན་དུ་འགྲོ་རྒྱུ་ལ་འཚེར་སྣང་ཡོད་ལ་སྟབས་བདེ་མིན་པའི་རྐྱེན་གྱིས་མདུན་དུ་གོམ་ཁ་སྤོ་དུས་རྐང་པ་གཡོན་པས་ལྷམ་མགོ་གཡས་པ་གབ་ཅིང་མི་མཐོང་པར་བྱས་སྟེ་སྦས་པའི་ཚུལ་དུ་རྐང་པ་གཡོན་པས་ཁོ་ན་མདུན་ཕྱོགས་སུ་གོམ་ཆུང་རེ་རེ་སྤོ་ཞིང་འགྲོ་གྱིན་ཡོད་ལ་ཕུ་བོ་ནི་ཆུང་དུས་ནས་ཅ་དངོས་གང་ཡིན་ཡང་བདག་གཉེར་བྱེད་ཐབས་ལ་མཁས་པོ་ཡོད་ལ། IMG_7925ཨ་ཕས་ངེད་གཉིས་ལ་མཉམ་དུ་ཉོས་ཡོང་བའི་ལྷམ་དེ་ཡང་ཕུ་བོ་ལ་ག་དུས་ཡིན་ཡང་གསར་བ་གསར་རྐྱང་གི་ཚུལ་དུ་ཡོད་པས་ཉིན་རེར་ངས་ཕུ་བོ་ལ་ལྷམ་གཡར་རོགས་ཅེས་རེ་བ་རྒྱབ་ཀྱང་ཕུ་བོས་སྐབས་རེ་མ་གཏོགས་གཡར་གྱི་མེད་པར་བརྟེན་ཕུ་བོ་མེད་པའི་གོ་སྐབས་དང་བསྟུན་ཏེ་ལྷམ་རྐུན་མ་རྒྱབ་སྟེ་གྱོན་གྱི་ཡོད་ལ།  རྗེས་མར་ཕུ་བོས་ཤེས་དུས་ང་ལ་ཁྱོད་ཀྱི་རྐང་བ་ཆེ་དྲག་པས་ངའི་ལྷ་མགོའི་བཟོ་ལྟ་འཕྲོ་བརླག་བཏང་འདུག་ཅེས་གཤེ་གཤེ་ཡང་ཐེངས་མང་བཏང་མྱོང་།  འོན་ཀྱང་ངས་ཁྱོན་ནས་དངོས་ལེན་བྱེད་མེད་ལ་བདུན་ཕྲག་གཉིས་གསུམ་གྱི་རིང་ལ་ངས་ཕུ་བོ་ལ་འཁོན་འཛིན་བྱས་ཏེ་སྐད་ཆ་ཚིག་གཅིག་ཀྱང་བཤད་འདོད་མེད་ལ་ཐ་ན་མིག་གིས་ཟུར་ཙམ་ཡང་མི་ལྟ་ཁུལ་བྱས་ཏེ་རྒྱ་ལམ་གཡས་གཡོན་དུ་ཤིང་སྡོང་རྩེ་ལ་བྱེའུ་འཕུར་ལྡིང་རེ་མཐོང་ཚེ་རྡེའུ་འཕེན་ཞོར་དང་རྩེད་མོ་རྩེད་ཞོར་དུ་ཕུ་བོ་དང་ལྷན་དུ་རྒྱལ་མོ་རྔུལ་ཆུའི་བཞུར་རྒྱུན་རྒྱུད་དེ་སློབ་གྲྭ་རུ་བསྐྱོད་ཀྱིན་ཡོད།

འོན་ཀྱང་ཕུ་བོ་དང་ཇི་ལྟར་འཁྲུགས་འཛིངས་བྱས་ཀྱང་སློབ་ཕྲུག་གཞན་དང་ཡང་ན་གྲོང་སྡེ་གཞན་པའི་བྱིས་དམག་དང་ཐུག་སྟེ་འཁྲུགས་པ་ཤོར་ཚེ་ངེད་གཉིས་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་སྟོབས་ཤུགས་ཆེ་རུ་བཏང་པས་སློབ་ཕྲུག་གཞན་གྱིས་གཉའ་གནོན་དང་ཐུབ་ཚོད་འོག་གཏན་ནས་འདུག་མ་མྱོང་།  སྤྱིར་ངའི་ཨ་ཕ་ལ་འཛམ་གླིང་སྐོར་བའི་ཤེས་རིག་མེད་ནའང་འཐབ་འཛིང་གི་སྐོར་ལ་གདམས་ངག་ཁྱད་པར་བ་རེ་བསྟན་རྒྱུ་ཡོད་ལ། ད་དུང་ངའི་གྲོང་གསེབ་ཏུ་ཤ་ཕག་ཁྲོ་བོ་འབུམ་གྱི་འཐབ་འཛིང་ལྟ་བུ་བྱ་དགོས་ཅེས་ངེད་སྤུན་ཟླ་གཉིས་ཀྱི་ཤ་ཕག་ཁྲོ་བོ་འབུམ་ལ་དཔེར་བླངས་ཏེ་སེམས་ཤུགས་གོང་མཐོ་འམ་ཆེ་རུ་བཏང་ཏེ་འཐབ་སྲོལ་ཡོད།  ( ཤ་ཕག་ནི་དུད་ཚང་ཞིག་གི་མིང་ཡིན་ལ་ཁྲོ་བོ་འབུམ་ནི་རིག་གནས་གསར་བརྗེའི་ཡར་སྔོན་ཁྲོ་སྐྱབས་རྒྱལ་པོའི་མངའ་འོག་ཏུ་ཁྲོ་སྐྱབས་སྟོད་སྡེའི་དམག་སྤྱི་སྐད་གྲགས་ཅན་ཞིག་སྟེ་རྟ་ཐོག་ནས་གཡུག་པའི་གྲི་རྩལ་དང་རྒྱང་དུ་འཕེན་པའི་མདའ་རྩལ་མདུན་དུ་འཐབ་ཚེ་སྟག་རྒོད་ལྟར་མཆོང་བའི་དཔའ་བོ་ཞིག་སྟེ་ས་ཆ་དེར་ས་གྲགས་གནམ་གྲགས་ཅན་གྱི་མི་སྣ་ཞིག་གོ)  འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གཉིས་ཆ་ང་རང་གིས་བྱས་པའི་གློག་བརྙན་(ཡིད་ཆེས་འགྲུལ་སྐྱོད།)(信之旅)ནང་དུ་ཨ་ཁུ་གཡུང་དྲུང་གི་སློབ་མ་བདེ་བསམ་གྱི་ལྷམ་མགོ་རལ་བ་ཞིག་གྱོན་ཡོད་པ་དེ་ནི་ང་རང་ཆུང་དུས་དང་འབྲེལ་བའི་འཚོ་བ་རོལ་ཚུལ་ལ་དྲན་གསོའི་ཚུལ་དུ་བཞག་པ་ཡིན་ཟེར། (信之旅) (ཡིད་ཆེས་འགྲུལ་སྐྱོད།) ངས་འཁྲབ་ཁྲིད་བྱས་པའི་ཡིད་ཆེས་འགྲུལ་སྐྱོད་ཀྱི་གློག་བརྙན་མ་རྩའི་སྒྲོམ་གཞི་ནི་ཨ་ཕ་ཧྲང་ཧེ་སྨན་ཁང་དུ་ཡོད་དུས་ང་ལ་བཤད་མྱོང་བའི་དངོས་བྱུང་སྒྲུང་གཏམ་ཞིག་ཡིན་ལ། སྨན་ཁང་ནང་ངས་ཨ་ཕ་ལ་ཁ་ལག་བཟོ་ཞོར་ཨ་ཕའི་སྒྲུང་གཏམ་ལ་ཉན་གྱིན་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཨ་ཕ་འཇིག་རྟེན་འདི་དང་ཁ་བྲལ་དུས་ངེད་ཕ་བུ་གཉིས་དངོས་སུ་ཐུག་མེད་པས་རྒྱུན་དུ་ངས་མིག་ཆུ་འཐོར་བཞིན་སྨན་ཁང་ནང་གི་ཨ་ཕས་བཤད་མྱོང་བའི་སྒྲུང་གཏམ་དྲན་གྱིན་དྲན་གྱིན་དེར་གཞི་བཅོལ་ཏེ་གློག་བརྙན་དེ་འཁྲབ་པ་ཡིན། ༢༠༡༤ ལོར་གློག་བརྙན་དེ་ལ་པེ་ཅིན་དུ་ཀྲུང་གོ་ན་གཞོན་འཁྲབ་ཁྲིད་པའི་གཟེངས་རྟགས་ཤིག་ཀྱང་ཐོབ་ཡོད།

IMG_7910སྤྱིར་སྔོན་ཆད་ང་ལ་ཕུགས་འདུན་ནམ་དམིགས་ཡུལ་ཡང་གསུམ་ཡོད་མྱོང་ལ།  འོན་ཀྱང་ཕུགས་འདུན་དང་དམིགས་ཡུལ་ནི་ཕྱིའི་ཁོར་ཡུག་དང་བསྟུན་ཏེ་རིམ་གྱིས་འགྱུར་འགྲོ་གྱིན་འདུག།   ༡༽ དམིགས་ཡུལ་དང་པོ་ང་རང་སློབ་ཆུང་སྐྱོད་དུས་ངའི་ཨ་ཕ་ལྟར་བོད་ལྭ་གྱོན་སྟངས་ཡང་ང་ཚོ་ཁྲོ་སྐྱབས་འོ་བཟེ་ལུང་པའི་ཡུལ་སྲོལ་གྱི་གོམས་གཤིས་ལྟར་བོད་ལྭ་ཁོག་སྟོད་ཕྱོགས་ལ་ཡར་ཅུང་ཙམ་མང་དུ་འཐེན་ཞིང་ཧ་ཅང་དཀྲིས་པའི་ཚུལ་དུ་གྱོན་ལ་སྐ་རགས་དམར་པོའི་ཁ་ཚར་རྒྱན་ཏུ་འཕྱང་ལ་གྲི་རིང་རྐེད་ལ་དྲང་ཏེ་རྒྱབ་ལ་མེ་མདའ་ཞིག་ཁུར་ཏེ་རྟ་དཀར་དཀར་ཞིག་ཁྲིད་ནས་རྔོན་པ་ཞིག་བྱ་འདོད་ཡོད།    ༢༽ དམིགས་ཡུལ་གཉིས་པ་སློབ་འབྲིང་འདོན་དུས་ལག་རྩེད་སྤོ་ལོ་རྩེད་མཁན་གྱི་གྲས་ཡིན་ལ་ཉིན་གཅིག་ཆུ་ཆེན་རྫོང་གི་མངའ་འོག་ཏུ་སློབ་འབྲིང་སློབ་མའི་ལག་རྩེད་སྤོ་ལོ་འགྲན་སྡུར་ཁྲོད་འཛུལ་ཞུགས་ཀྱི་གོ་སྐབས་ཐོབ་སྟེ་འགྲན་སྡུར་མཐའ་མར་ང་ཚོ་ 观音桥中学 ཐུགས་རྗེ་ཆེན་པོའི་སློབ་འབྲིང་གི་རྒྱལ་ཁ་ཐོབ་པས་ཉིན་དེ་ནས་བཟུང་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་མི་སྣ་ཨ་རིའི་ཆོ་ཏན་ Jorden དང་། ལོ་ཏི་མན་ Rodman སོགས་དང་འདྲ་བོ་ཞིག་བྱེད་འདོད་ཀྱི་རེ་བ་བཅངས།   དེའི་ཕྱིར་སློབ་གྲྭའི་གུང་གསེང་དང་ཐུན་མཚམས་ཀྱི་བར་གསེང་སོགས་སུ་ལག་རྩེད་སྤོ་ལོ་རྩེད་རྒྱུ་ལ་ཤིན་ཏུ་དགའ་བས་ལྷམ་མགོ་ཡང་རལ་བ་ཧ་ཅང་མགྱོགས་སླ།  ཉིན་ཅིག་ཨ་ཕས་ང་ལ་ཁྱོད་ག་དུས་ཡིན་ཡང་སྤོ་ལོ་རྩེད་གྱིན་འདུག་པས་ངས་ཁྱོད་ལ་ལྷམ་ཡང་ཉོ་ཚོད་མི་འདུག་ཟེར། གང་ལྟར་ཆར་པ་དང་ལྷགས་རླུང་གི་ལོ་ཟླའི་ཁྲོད་དུ་སློབ་འབྲིང་ཡང་མཐར་ཕྱིན་སོང་།

སླར་ཡང་རིམ་གྱིས་སློབ་གྲྭ་ཆེན་མོར་འགྲོ་རྒྱུ་དང་སློབ་གྲྭ་རྒྱུན་སྐྱོང་བྱེད་པར་འགྲོ་སོང་དང་ཆ་རྐྱེན་སོགས་གང་ཐད་ནས་གཞིགས་ནའང་ང་དང་འོས་འཚམས་མིན་ལ་ནང་མིས་ང་ལ་ཚུར་མ་བཤད་ནའང་གང་འདྲ་ཡིན་མིན་མངོན་གསལ་རེད། ངས་ཀྱང་ཁྱིམ་གཞིས་གནས་སྟངས་ཞིབ་ཕྲ་རྟོགས་ཐུབ་གྱིན་འདུག   སློབ་འབྲིང་མཐར་ཕྱིན་རྗེས་ཐབས་གཞན་མེད་པས་ཀྲུང་གོ་འཐབ་འཛིངས་དམག་མི་རྒྱུགས་སྤྲོད་ལ་ཐོ་བཀོད་བྱས་ཏེ་དམག་མི་ལ་འགྲོ་རྩིས་བྱས་ནའང་གོང་བཞུགས་འགོ་ཁྲིད་དང་ལས་བྱེད་པ་ངོ་ཤེས་ཡག་པོ་མེད་ལ་འབྲེལ་བ་དམ་ཟབ་མེད་པའི་རྐྱེན་གྱིས་ངའི་ཀླད་པའི་ནང་དུ་སྐྱོན་ཆ་ཡོད་ལུགས་སོགས་བརྗོད་དེ་གང་ལྟར་ང་རྗེས་སུ་ལྷག་སོང་། དེ་ནས་གནས་སྐབས་སློབ་ཆུང་འཛིན་གྲྭ་དང་པོ་ནས་གསུམ་པའི་བར་གྱི་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་ཞིག་བཙལ་ཏེ་ཚབ་ཁྲིད་དགེ་རྒན་བྱས་ནས་བསྡད།

སྐབས་དེར་གླུ་བ་གཡུང་དྲུང་དབང་རྒྱལ་ཆེས་སྐད་གྲགས་ཆེ་བའི་དུས་ཏེ་མིང་གྲགས་གནམ་ས་ཀུན་ལ་ཁྱབ་དུས་ཤིག་རེད།  ངས་ཀྱང་གླུ་གཞས་ཐོག་ལ་རང་ཉིད་ཀྱི་འཚོ་བ་དང་མི་ཚེའི་མདུན་ལམ་སོགས་བརྙེད་ཐུབ་གྱི་ཡོད་པ་ད་གཟོད་གཞི་ནས་རྟོགས་བྱུང་། ༣༽དམིགས་ཡུལ་གསུམ་པ་དུས་མཚུངས་དེ་ནས་བཟུང་གླུ་བ་གཡུང་དྲུང་དབང་རྒྱལ་ལ་ཡིད་སྨོན་ཤོར་ཏེ་གླུ་བ་ཞིག་བྱེད་འདོད་ཀྱི་རེ་བ་བཅངས་ནས་ཚབ་ཁྲིད་དགེ་རྒན་ལ་དགོངས་པ་ཞུས་ནས་གཟི་ཚ་སྡེ་དགུ་རུ་འགྲོ་རྩིས་གྲ་སྒྲིག་བྱས་ཡོད།  ཡིན་ནའང་བྱ་བ་གང་ཡིན་རུང་ལས་འགོ་མ་རྩོམ་སྔོན་དུ་ཐོག་མར་ཡར་དཀོན་མཆོག་དང་བླ་མེད་དགོན་ལ་རེ་བའམ་སྐྱབས་སུ་བཅོལ་ན་ཆེས་ལེགས་ཤོས་ཀྱི་ཐབས་ལམ་ཞིག་ཡིན་སྙམ་སྟེ་རང་དགོན་འོ་བཟེ་བླ་མེད་དགོན་དུ་སོང་ནས་ཨ་ཁུ་རྣམ་རྒྱལ་ལོ་མཆོག་གིས་ཕྱག་མོ་གཟིགས་རྗེས་ཁོང་གིས་གསེར་གྱི་མཆོད་རྟེན་རྩེ་ལ་ལྷ་བྱའི་གསུང་སྐད་སྙན་མོ་ལྷང་ལྷང་གྲགས་ཀྱིན་འདུག  མོ་ཧ་ཅང་ལེགས་སོ་འདུག་གསུངས་བྱུང་།   ངས་ཀྱང་དགའ་སྣང་ཞིག་གི་ངང་དུ་ཉིན་ཤས་རྗེས་སུ་ལམ་ལ་བུད་དེ་གཟི་ཚ་སྡེ་དགུ་རུ་བསྐྱོད།  ཡིན་ནའང་ཐོག་མར་ངོ་ཤེས་དང་འབྲེལ་བ་མེད་པས་ཟླ་བ་འགའ་ལ་ལས་ཀ་ཡང་མ་བརྙེད་པར་ལྷག་སོང་།  ཟླ་འགའ་བསྡད་རྗེས་ཐོག་མར་བརྙེད་པའི་ལས་ཀ་གཙོ་བོ་ནི་སྐུ་མགྲོན་ལ་འཛིན་བྱང་ངམ་པ་སེ་བཙོང་རྒྱུ་དེ་ཡིན་ལ་ཞོར་དུ་གར་སྟེགས་ཐོག་ཕྱག་བདར་བྱེད་རྒྱུ་དང་ལུག་ཤ་སྲེག་མ་སོགས་བཙོང་རྒྱུ།  ད་དུང་སྒོ་སྲུང་སོགས་བྱས་ཡོད་ལ་དེའི་རྗེས་བདེ་འཇགས་སྲུང་དམག་བྱས་སྟེ་ཡུན་ཅིང་མ་འགོར་བར་གླུ་གར་ཚོགས་པ་ཞིག་གི་ནང་དུ་ཞུགས་ཐུབ་སོང་།

IMG_7909ཉིན་ཅིག་རྒྱ་ནག་གི་འཁྲབ་འཁྲིད་པ་གྲགས་ཅན་ཧོ་ཞོ་ཧ་ 胡雪桦 ང་ཚོའི་ཚོགས་པ་དེར་འབྱོར་ཏེ།  ང་ཧི་མ་ལ་ཡའི་རྒྱལ་སྲས་ཀྱི་འཁྲབ་སྟོན་པར་བདམས་བྱུང་།   ངའི་མི་ཚེའི་ཁྲོད་དུ་རྨི་ལམ་ནང་དུ་འང་རྨིས་མ་མྱོང་ལ་དངོས་གནས་ཨེ་བདེན་ནམ་སྙམ་བྱུང་།  སྐབས་རེར་བསླུ་བྲིད་བྱེད་པ་མིན་ནམ་སྙམ་པའི་དོགས་པ་བྱུང་ཡང་རྗེས་སུ་བདེན་དངོས་ཡིན་པ་ཤེས་སོང་།   སྐབས་དེར་ངའི་ལས་ཀ་བྱེད་བཞིན་པ་དེ་དང་གློག་བརྙན་འཁྲབ་པ་གཉིས་ཕུགས་དོན་གང་ལེགས་ངས་ཀྱང་ཚོད་དཔག་དཀའ་ལ་ཕ་མ་གཉིས་ལ་དྲིས་ནའང་དེ་བས་ཀྱང་བཤད་དཀའ།  དངོས་གནས་ལམ་སྟོན་བྱེད་མཁན་དང་བློ་འདྲི་བྱེད་ས་ཞིག་གཏན་ནས་མེད་པ་ལྟ་བུ་རེད།  རྒྱུ་མཚན་ནི་དེ་འདྲའི་ཁོར་ཡུག་དང་རྦད་དུ་རྒྱང་ཐག་རིང་བས་སོ།   ངས་ཀྱང་བསམ་བློ་མང་དུ་བཏང་ཡང་ཐག་མི་ཆོད་ལ། དེ་གཉིས་གང་དུ་ལེགས་པ་བློ་འདྲི་བྱེད་ས་ཆེས་མཐར་མཇུག་ནི་དཀོན་མཆོག་ལ་ཡིད་ཆེས་དང་བླ་མེད་དགོན་གྱི་སྲིད་པ་རྒྱལ་མོ་ལ་སྐྱབས་སུ་བཅོལ་ན་མདུན་ལམ་མི་ནོར་བ་ཞིག་བསྟན་ངེས་སྙམ་ཏེ།    རྡོ་དཀར་ནག་གཉིས་ཨ་ཕའི་ལག་པར་བསྐུར་ཏེ་ཨ་ཕ་བླ་མེད་དགོན་པའི་ཨ་ཁུ་གཡུང་དྲུང་མཆོག་གི་མདུན་སར་ཕྱིན།  ཁོང་གིས་ཕྱག་མོ་གཟིགས་རྗེས་ཐེ་ཚོམ་མ་བྱེད་བློ་ཐག་རྦད་ཆོད་བྱོས། རྩེ་གཉིས་བློ་ཡི་ཕུགས་དོན་འགྲུབ་མི་སྲིད།  ཀྱག་ཀྱོག་མ་བྱེད་དྲང་མོ་མདའ་ལྟར་བསྐྱོད།  མདང་དགོང་ང་ཡི་རྨིས་པའི་རྨི་ལམ་བཟང་། དྲེའུ་ནག་འཚེར་གྱིན་ཤར་ཕྱོགས་བསྐྱོད་པར་རྨིས།  དེ་རིང་ཁྱེད་ཀྱི་རྟེན་འབྲེལ་འགྲིག་པ་རེད།  དཀའ་ཁག་ཇི་ལྟར་ཐུག་ཀྱང་ཡིད་ལ་སྲིད་པ་རྒྱལ་མོ་མ་བརྗེད་ཨང་།  ཁྱོད་ལ་སྐྱབས་དང་སྡོང་གྲོགས་མཛད་ངེས་ཡིན་ཞེས་སོགས་གསུངས་ཏེ་ང་ལ་སྲུང་མདུད་དང་ད་དུང་སྒྲུབ་ཁང་གི་སྙན་དར་སོགས་བསྐུར་འདུག་པས་ང་ཡང་བར་སྣང་དུ་འཕུར་ལྡིང་བྱེད་པའི་ཚོར་སྣང་ལྟ་བུར་བྱུང་ལ་ཧ་ཅང་དགའ་ཞིང་སྤྲོ།

ཟླ་འགའི་རིང་ཧི་མ་ལ་ཡའི་གློག་བརྙན་འཁྲབ་སྟེ་གློག་བརྙན་ལེགས་འགྲུབ་བྱུང་རྗེས་འཁྲབ་ཁྲིད་པ་ཧོ་ཞོ་ཧ་ཡིས་ང་ལ་ཁྱོད་འཁྲབ་སྟོན་པའི་རྣམ་འགྱུར་བསྟན་སྟངས་སོགས་གང་ཐད་ནས་ཧ་ཅང་ལེགས་མོད།   འོན་ཀྱང་རྒྱ་ཡིག་དང་རྒྱ་སྐད་ཀྱི་གནས་ཚད་ཞན་པས་ངས་ཧྲང་ཧེའི་སློབ་གྲ་ཆེན་མོ་ཞིག་ལ་ངོ་སྤྲོད་བྱེད་ཟེར།  སློབ་གྲྭར་འགྲོ་རྒྱུ་གོ་སྐབས་རག་པ་དེ་ཧ་ཅང་དགའ་མོད། འོན་ཀྱང་ལྡོག་ཕྱོགས་ནས་བཤད་ན་ང་ལ་སྒོར་མོ་མེད་པས་སེམས་སྡུག་བྱས།   གང་ལྟར་སྒོར་ཉིས་ཁྲི་དྲུག་སྟོང་ཨམ་ཕྲག་ནང་བླུགས་ནས་ཧྲང་ཧེ་སློབ་གྲྭར་བསྐྱོད་དེ་གཅིག་ཁྲི་དྲུག་སྟོང་སློབ་ཡོན་ལ་སྤྲད་རྗེས་ང་ལ་སྒོར་གཅིག་ཁྲི་ལྷག་སོང་། ཧྲང་ཧེ་ལ་ཟ་འཐུང་རིན་གོང་ཧ་ཅང་ཆེ་བས་སློབ་གྲྭའི་སྤྱི་ཐབ་ཁོ་ན་ལ་བརྟེན་ཏེ་འཚོ་བ་རོལ།  སེར་སྣ་ཇི་ལྟར་བྱས་ཀྱང་ཨམ་ཕྲག་ནང་ཤོག་སྒོར་ནི་ཉི་མ་རེ་རེར་ཉུང་རུ་ཉུང་རུ་འགྲོ་གྱིན་འདུག་ལ་ངའི་སེམས་ནང་དུ་ན་ཟུག་ཀྱང་ཆེ་རུ་ཆེ་རུ་འགྲོ་གྱིན་ཡོད།  སློབ་གྲྭའི་གུང་གསེང་སྐབས་སུ་ཞོར་ལས་ཞིག་ཨེ་རགས་སྙམ་ནས་བསྡད།   སྟབས་ལེགས་པ་ཞིག་ལ་ང་ཚོའི་སློབ་གྲྭར་ 好男儿 བུ་ཕྲུག་བཟང་པོའམ་ཕོ་རྒོད་འགྲན་སྡུར་ཚོགས་པའི་མི་སྣ་འགའ་སླེབས་ཏེ་ང་ཚོ་སློབ་ཕྲུག་དག་ལ་གླུ་དབྱངས་ལེན་དུ་བཅུག་སོང་། སྐབས་དེར་ཁོ་ཚོས་ངའི་ཁ་པར་ཨ་གྲངས་དང་ས་གནས་གང་ཡིན་སོགས་ཐོ་འགོད་བྱས།  ཉིན་ཤས་རྗེས་སུ་འཁྲབ་ཁྲིད་པ་ཧོ་ཞོ་ཧ་ཁོང་གིས་ཡང་བསྐྱར་མི་སྣ་གྲགས་ཅན་འགའ་ཁྲིད་དེ་ང་ལ་བསྐྱར་དུ་གླུ་གཞས་ཐོང་ཟེར།  ངས་ཀྱང་གླུ་དབྱངས་ནི་གཟི་ཚ་སྡེ་དགུ་ལ་གང་མང་བླངས་མྱོང་བའི་རྐྱེན་གྱིས་འཚེར་སྣང་དང་འཇིགས་སྣང་སོགས་མེད་ལ་རྣམ་འགྱུར་འདྲ་མིན་བསྟན་ཏེ་བོད་གཞས་དང་རྒྱ་གཞས་གང་མང་བླངས།   དེ་ནས་ཁོང་ཚོས་ང་ཁྲོང་ཅིན་ 重庆 ལ་འགྲན་བསྡུར་དུ་སོང་ཟེར།  ངས་ཀྱང་ཐད་ཀར་འགྲོ་སོང་གི་གླ་ཆ་སོགས་གང་ཡིན་དྲིས་པས་ཁོང་ཚོ་ཚོགས་པའི་གཏོང་རྒྱུ་ཡིན་ཞེས་དྲིས་ལན་གནང་བྱུང་།  དེ་ནས་ཁྲོང་ཅིན་ 重庆 ལ་བསྐྱོད་དེ་རྩེ་ཐང་ལ་འབྱོར་དུས་འགྲན་བསྡུར་མི་སྣ་སུམ་སྟོང་ཙམ་འཛོམས་འདུག་ལ།  དེའི་ནང་དུ་བརྒྱ་དང་བརྒྱད་ཅུ་བདམས་ཡོད་པའི་ནང་ཁོ་བོའང་ཚུད་སོང་།  ཡང་བརྒྱ་དང་བརྒྱད་ཅུས་འགྲན་བསྡུར་བྱས་མཐར་སུམ་ཅུ་བདམས་པའི་ཁྲོད་དུ་སླེབས་སོང་ལ།  སུམ་ཅུའི་ནང་མི་སྣ་བཅུ་བདམས་ཏེ་བདུན་ཕྲག་གཅིག་གི་ཚེ་སྦྱོང་བདར་བྱས་མཐར་ལྔ་བདམས་པའི་ནང་དུའང་འཛུལ་ཞུགས་ཐུབ་སོང་།   དེ་སྔོན་ང་དང་མཉམ་དུ་བོད་རིགས་གཅིག་ཡོད་ལ་ངེད་གཉིས་ཀྱིས་གླུ་དབྱངས་མང་ཆེ་བ་བོད་གཞས་བཏང་།  ལྭ་བ་ཡང་མང་ཆེ་བར་བོད་ལྭ་གྱོན་ཏེ་འགྲན་བསྡུར་བྱས།  འོན་ཀྱང་སྐབས་དེར་བོད་རིགས་སྤུན་ཟླ་ཁོང་རྒྱུགས་མ་འཕྲོད་པར་རྗེས་སུ་ལྷག་སོང་།

དེ་ནས་པེ་ཅིན་北京 དང་། ཧྲང་ཧེ་ 上海   སིན་ཡང་ 沈阳 ཧང་ཀྲིག  杭州 བོ་ཧན།武汉  ཁྲོང་ཅིན་ 重庆 སོགས་གྲོང་ཁྱེར་རེ་རེ་ལ་འགྲན་བསྡུར་མི་སྣ་ལྔ་རེ་བདམས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་དྲུག་གི་འགྲན་སྡུར་མི་སྣ་སུམ་ཅུ་ཧྲང་ཧེ་རུ་ལྷན་དུ་འཛོམས་ཤིང་དེ་ནས་སྐད་ཆ་བཤད་སྟངས་དང་བསམ་བློའི་ཁ་ཕྱོགས་ངག་གི་སྒྱུ་རྩལ་སོགས་འདྲ་མིན་འགྲན་བསྡུར་བྱས་མཐར་མཐའ་མ་ ༢༠༠༦ ཟླ་ ༨ ཚེས་ ༢༦ མཚན་མོ་དེར་སྦལ་པ་རྒྱལ་སྲས་སུ་གྱུར་བའི་གཏམ་རྒྱུད་ལྟར་ཆེས་མཐའ་མཇུག་གི་རྒྱལ་ཁའི་གཟེངས་རྟགས་དེ་ངར་ཐོབ་པ་རེད།   དེ་ནས་བཟུང་ད་བར་གློག་བརྙན་ལེའུ་ཅན་དང་བརྙན་ཐུང་སོགས་གང་ལྟར་སྡེ་ཚན་ཉི་ཤུ་ལྷག་འཁྲབ་ཟིན་ཡོད་ལ་དེང་སྐབས་ཀྱང་འཁྲབ་དང་འཁྲབ་བཞིན་པ་ཡིན།   དེ་མིན་དུད་ཚང་གཉོམ་ཆུང་དང་དབུལ་བོའི་རིགས་ད་དུང་དྭ་ཕྲུག་སོགས་ལ་ཟས་གོས་དང་སློབ་ཡོན་ཐད་རོགས་སྐྱོར་སྔར་བྱས་མྱོང་ཡོད་ལ་ད་དུང་ཡང་བྱེད་བཞིན་ཡོད།  མ་འོངས་པར་བདག་པོ་མེད་པའི་དྭ་ཕྲུག་དང་སློབ་ཕྲུག་དབང་པོ་སྐྱོན་ཅན་རིགས་ལ་གང་ཐུབ་ཅི་ནུས་ཀྱི་སྒོ་ནས་འབད་རྒྱུ་དམ་བཅའ་བརྟན་པོ་ཡོད།

IMG_7912ལྷག་པར་དུ་ང་ཚོ་བོད་ཁུལ་དུ་ཆོས་ལུགས་པའི་དགེ་རྒན་གྱིས་སློབ་མ་ལ་ཤེས་ཡོན་ཇི་ལྟར་བསླབ་ཀྱང་སློབ་མའི་ལག་ནས་སློབ་ཡོན་ལེན་སྲོལ་མེད་ལ། དེ་ནི་ང་ཕ་ཡུལ་དུ་ལོག་དུས་ཨ་ཁུ་གཡུང་དྲུང་མདུན་སར་ཕྱིན་དུས་གཞི་ནས་ཤེས་སོང་།  ཁོང་གི་སློབ་ཡོན་སོགས་རིན་མེད་ཐོག་གྲྭ་ཤག་ར་སྐོར་ནང་དུ་སློབ་མ་མང་པོ་ཞིག་སྐྱོང་བཞིན་ཡོད་པར་མཐོང་དུས་ང་ལ་ཡང་སེམས་འགུལ་ཆེན་པོ་ཐེབས།  དེའི་རྐྱེན་གྱིས་ངའི་ཕ་ཡུལ་རྒྱལ་རོང་ཆུ་ཆེན་ཁྲོ་སྐྱབས་འོ་བཟེ་བླ་མེད་དགོན་འདབས་སུ་ཁྲི་དྲུག་ཅུ་ལྷག་གི་མགྲོན་ཁང་ཞིག་གསར་དུ་རྒྱབ་ཡོད་པ་དེ་ཡང་ནང་ཆོས་རྒྱུད་འཛིན་པའམ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡུན་གནས་དར་སྤེལ་བྱེད་མཁན་གྱི་དགོན་པའི་དགེ་རྒན་དང་སློབ་མ་གཉོམ་ཆུང་དག་གི་ཟས་གོས་དང་ཡར་དཀོན་མཆོག་ལ་མཆོད་པ་སྤོས་དང་མར་མེ་ལ་སོགས་ཀྱི་འགྲོ་སོང་སོགས་དཔལ་འབྱོར་ཡོང་ཁུངས་ཀྱི་ཆེད་དུ་དམིགས་ཏེ་མགྲོན་ཁང་དེ་བླ་མེད་དགོན་ལ་ཕུལ་བ་ཡིན།

སྤྱིར་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་གཟེངས་བསྟོད་ཚོགས་ཆེན་གྱིས་བསྟན་དོན། “མི་རིགས་ཀྱི་རིག་གནས་ཤུགས་ཆེན་པོས་རྒྱུད་འཛིན་དང་དར་སྤེལ་དུ་བཏང་སྟེ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་སྤྲོད་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱ་ཆེད། སྙིགས་འདོར་བཅུད་ལེན་དང་། རྙིང་དོར་གསར་སྤེལ་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་རྒྱུ་རུ་སྤེལ་བ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་འབད་དགོས།” ཞེས་སོགས་བསྟན་པ་ལྟར་ངས་བསམ་བློའི་ཁ་ཕྱོགས་ཀྱང་སྲིད་གཞུང་གི་དགོངས་དོན་དང་འགལ་བ་མེད་པར་སྙམ།

མ་འོངས་པར་ཡང་སྤྱི་ཚོགས་ཐོག་ཕན་ཐོག་ཡོད་པའི་གློག་བརྙན་གང་མང་ཞིག་རྒྱ་ཆེ་བའི་མང་ཚོགས་ཀྱི་སྤྱན་སྔར་མཆོད་པའི་ཚུལ་དུ་འབུལ་འཆར་ཡོད་ལ།  ལྷག་པར་དུ་ནམ་རྒྱུན་ང་ལ་དགའ་ཞེན་དང་ཐུགས་ཁུར་རྒྱབ་སྐྱོར་བྱེད་པའི་རྒྱ་ཆེ་བའི་མང་ཚོགས་དང་བོད་རིགས་སྤུན་ཟླ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།” ཞེས་བཤད། །

གོང་དུ་བཤད་ཟིན་པའི་ཕུར་པ་སྐྱབས་ཀྱི་སྐད་ཆའི་གནད་དོན་སྙིང་བསྡུས།

༡༽གཞི་རྩའི་ཆ་ནས་རང་ཉིད་ལ་ཡིད་ཆེས་བྱེད་རྒྱུ།

༢༽ངེས་པར་དུ་དམིགས་ཡུལ་ཡོད་དགོས།

༣༽དཀའ་ཁག་ཇི་ལྟར་འཕྲད་ཀྱང་ཐབས་ལ་བརྟེན་ནས་སེལ་ཚུལ།

༤༽ སེམས་ཤུགས་གོང་མཐོར་གཏོང་བ།

༥༽ ནམ་ཞིག་དམིགས་ཡུལ་གྲུབ་རྗེས་ཁེངས་སེམས་མེད་པ།

༦༽དྭ་ཕྲུག་དང་གཉོམ་ཆུང་རིགས་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ།

གོང་བཤད་དོན་ཚན་དྲུག་ནི་སྟག་ཤར་ཕུར་པ་སྐྱབས་ཀྱིས་ཆར་རླུང་ཁྲོད་དུ་མྱོང་ཟིན་པའི་མི་ཚེའི་ལྟ་བའི་ལངས་ཕྱོགས་སུ་འདོད་དོ།

     

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *