སངས་རྒྱས་ཀྱི་མཛད་རྣམ་དད་ལྡན་ཐར་པར་འགོད་པའི་ལམ་བཟང་།

རྩོམ་ཡིག་འདི་ཐེངས། 1125 བཀླགས་འདུག

 

Screen Shot 2015-09-17 at 1.53.36 AM

 སྔོན་དུ་བཏང་བའི་དབུ་འཁྱུད་ཀྱི་གཏམ།

   མདོ་སྔགས་ཟུང་འབྲེལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ནི། ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ཡུལ་དབུས་རྒྱལ་མཁར་བར་བོ་སོ་བརྒྱད་དུ། ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ། ཕྱི་ལོའི་སྔོན་གྱི་མི་ལོ་ ༡༦༠༡༧ ལོར་སྐུ་འཁྲུངས་ཤིང༌། གདུལ་བྱ་རྟག་འཛིན་ཅན་རྣམས་སུན་འབྱིན་པའི་བརྡ་ཐབས་སུ། གཤེན་གྱི་དགུང་ལོ་གྱ་གཉིས་ཐོག་སྐུ་མི་རྟག་མྱ་ངན་ལས་འདས་པའི་བར། འཇིག་རྟེན་རང་མཐུན་གྱི་སྐུའི་ཆ་ལུགས་གཙོ་བོར་བཟུང་སྟེ། ཐོག་མར་སྐྱེ་བ་བཞེས་པའི་མཛད་པ་ནས། རྣམ་པར་སྤེལ་བ་དང་རྣམ་པར་འདུལ་བ། རྣམ་པར་འདྲེན་པ་དང་རྣམ་པར་ངེས་པ། རྣམ་པར་སྤྲུལ་བ་དང་རྣམ་པར་འཇོམས་པ། རྣམ་པར་རྒྱལ་བ་དང་རྣམ་པར་རིག་པ། རྣམ་པར་དབེན་པ་དང་རྣམ་པར་གྲོལ་བ་བཅས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས། གདུལ་བྱ་གང་ལ་གང་འདུལ་གྱིས་མཛད་པ་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་དུ་ཀུན་རྫོབ་ཀྱི་བོན་རྣམས་བརྗོད་བྱའི་གཙོ་བོར་སྟོན་པ་བཀའ་འཁོར་ཐོག་མ་དང༌། བདེན་གཉིས་ཟུང་འབྲེལ་གྱི་ཚུལ་གྱིས་སྟོན་པ་བཀའ་འཁོར་བར་པ། ཟབ་མོ་དོན་དམ་གྱི་བོན་བརྗོད་བྱའི་གཙོ་བོར་སྟོན་པ་བཀའ་འཁོར་ཐ་མ་བཅས། མདོར་ན་སྟོན་པ་སངས་རྒྱས་ཀྱི་མཛད་པ་དང་འཕྲིན་ལས་རྣམས་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་དང༌། མདོ་གཟེར་མིག མདོ་འདུས་སོགས་ལས་ཅི་ལྟར་གསལ་ཡང་ཚིག་ཉུང་དོན་འདུས་ཤིག་དགོས་བབ་ཏུ་མཐོང་སྟེ་བྲི་བའི་ཁུར་དང་དུ་བླངས་པའོ།།

དང་པོ། རྣམ་པར་བཞེས་པའི་མཛད་པ།

   ཇི་སྐད་དུ། གཤེན་རབ་སྤངས་རྟོགས་མཐར་ཕྱིན་བདེ་བར་གཤེགས། །གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱོང༌། འོག་མིན་གནས་སུ་མངོན་པར་སངས་རྒྱས་ནས། །འགྲོ་ལ་རྣམ་བརྩེ་རྒྱལ་བའི་མི་ལུས་བཞེས། །ཞེས་གསལ་བ་ལྟར། སྔོན་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་རྒྱལ་བ་ཉིད་ཀྱིས་སྟོན་པ་བསོད་ནམས་དབང་ལྡན་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང༌། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་འོག་མིན་འདའ་བ་མེད་པའི་ཕོ་བྲང་དུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེའི་ཁྲི་འཕང་མངོན་དུ་བརྙེས་ཟིན་ན་ཡང༌། ཚེ་ལོ་འབུམ་དང་ཁྲི་སོགས་ཀྱི་འདུལ་དཔོན་བསྟན་པའི་གཙོ་བོར་ལྷ་ལུང་རྟགས་བསྒྲིལ་སྐབས། རྩོད་ལྡན་ཚེ་ལོ་བརྒྱ་པའི་འདྲེན་སྟོན་རྣམ་འདྲེན་བརྒྱད་པ་རུ་ཡེ་ཤེས་དབྱིངས་དཔྱད་ཀྱི་མཐིལ་ལས་བབས་པ་ལྟར། སྟོན་པ་དེ་ཉིད་ཀྱིས་ཀྱང་གནས་དུས་ཀྱི་འགྲོ་བ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། གནས་ལུགས་དོན་གྱི་འོག་མིན་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་འགྲོ་བ་འདུལ་བའི་བོན་ལུང་ཞུས། གཟུགས་མེད་ཀྱི་གནས་རིགས་ཆེན་པོ་བཞི་དང་གཟུགས་ཁམས་གནས་རིགས་བཅུ་བདུན། གཞན་འཕྲུལ་དབང་བྱེད་སོགས་འདོད་པའི་ལྷ་གནས་བཅས་རིམ་པར་བརྒྱུད་ནས་རི་རྒྱལ་ལྷུན་པོའི་རྩེ་མོ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་ཕེབས་ཤིང༌། རི་རབ་ཀྱི་ཁ་ཁྱེར་ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོའི་རྒྱལ་ས་ནས་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམས་ཏེ། རྟག་གཟིགས་འོལ་མོ་གླིང་ཆེན་གྱི་རྒྱལ་ས་བར་པོ་སོ་བརྒྱད་བྱ་བར། ལོ་ཡི་རྒྱལ་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་སྟག ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས། སྐར་མའི་དམ་པ་རྒྱལ་དང་གཟའ་ཕུར་བུ་སྟེ། རྒྱལ་ཕུར་འགྲུབ་སྦྱོར་གྱི་ཉི་མ་ཞེས་གྲགས་པ་ལྟར་གཟའ་སྐར་ཕུན་སུམ་ཚོགས་པར་སྐུ་འཁྲུངས། སྤྱིར་རྒྱལ་བ་གཤེན་རབ་མི་བོར་སྐྱེ་འཆིའི་རང་བཞིན་མི་མངའ་ཡང༌། འགྲོ་བ་རང་མཐུན་གྱི་ཆ་ལུགས་བཞིན་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་བསྟན་ཏེ་སྐུ་བལྟམས་མ་ཐག ཕྱོགས་དྲུག་ཏུ་ཞབས་ཀྱིས་གོམ་པ་བདུན་བདུན་གཤེགས་ཤིང་ཞབས་རྗེས་པད་མའི་ཕྲེང་བས་ལུ་གུ་རྒྱུད་ལྟར་སྤྲས་པ་དང༌། སྒྲ་སྐད་ལྷང་ལྷང་འབྱིན་པ་སོགས་ཆེས་ངོ་མཚར་བའི་མཚན་ལྟས་དུ་མ་བྱུང་བར་གྲགས། བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་བསྟན་པའི་གཙོ་བོ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ། གཤེན་གྱི་དགུང་ལོ་གཅིག་བཞེས་སྐབས་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་དུ་མ་མཛད་ཅིང༌། འཇིག་རྟེན་ཁམས་ཀྱི་མངའ་དབང་ཅན་རྣམས་ཀྱིས་ཀྱང་ཞབས་ཟུང་གསེར་གྱི་འཁོར་ལོ་སྤྱི་གཙུག་གིས་བཏེགས་ཏེ། དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་ཁྲིར་མངའ་གསོལ་ཞུས། གཤེན་རབ་མི་བོས་རྒྱལ་པོའི་བཀའ་ཁྲིམས་བསྩལ་བའི་མདོ་གསུངས་ཤིང༌། རིག་པའི་གནས་ཆེན་པོ་ལྔ་ལས། སངས་རྒྱས་ཀྱི་བསྟན་པ་ཆགས་པའི་ཐོག་མ་བཟོ༷་རི༷ག་གསལ་བའི་བོན་སྡེ་རྣམས་བཟོ་རྒྱལ་གར་མ་ལི་ཤོ་དང༌། དེའི་གཉེར་འཛིན་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག བླུག་ལ་མཁས་པ་བླུག་ཐོག་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་བཟོ་རིག་མཁས་པའི་རྒྱན་དྲུག་ལ་བཟོ་རིག་པའི་བོན་སྡེ་གཏན་ལ་ཕབ་པས་བོད་ཀྱི་བཟོ་རིག་གི་སྲོལ་ཐོག་མར་བཏོད་པའོ། །

གཉིས་པ། རྣམ་པར་སྤེལ་བའི་མཛད་པ།

   ཇི་སྐད་དུ། རྒྱལ་བའི་སྲས་པོ་དམ་པ་འགྲོ་བའི་མགོན། །འགྲོ་བའི་ཆེད་བཞེས་རང་བྱུང་སྤྲུལ་བའི་སྐུ། །འཁོར་ལོ་བསྒྱུར་རྒྱལ་རྒྱལ་པོའི་གདན་ གནོན་ཅིང༌། །ཐེག་པ་རིམ་དགུས་འགྲོ་བའི་ཁ་ལོ་བསྒྱུར། །ཞེས་གསུངས་པར་ལྟར། གཤེན་གྱི་དགུང་ལོ་གཅིག་ནས་བཅོ་ལྔ་བར་རྒྱལ་པོའི་དགུང་ཚད་དུ་གསུངས་པ་ལྟར། འགྲོ་བ་རང་མཐུན་གྱི་བློ་དང་འཚམས་པའི་སྒོ་ནས། བོན་ཕྱི་ནང་གསང་གསུམ་གྱི་བསྟན་པའི་གཉེར་འཛིན་འཁོར་ཚོགས་གྲངས་ལས་འདས་པར་བོན་ཐེག་པ་རིམ་དགུའི་དང་པོ་ཕྱྭ་གཤེན་དང༌། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་སྟེ་རྒྱུའི་བོན་སྡེ་བཞི་དང༌། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན་བཞི་སྟེ་འབྲས་བུའི་བོན་དང༌། ཁྱད་པར་དུ་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ཐེག་པ་བཅས་ལྷོ་གཏེར་ལུགས་ཀྱི་ཐེག་དགུའི་རྣམ་བཞག་རྣམས་གསུངས་ཤིང། གཤེན་གྱི་དགུང་ལོ་བཅུའི་ཐོག་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་ཕེབས་ཏེ་ཐུགས་སྲས་རྨ་ལོ་དང་གཡུ་ལོ་སོགས་གཤེན་གྱི་འཁོར་མང་པོར་སྒྲ༷་རིག༷་པའི་བོན་སྡེ་སྐད་འགྱུར་སོ་སོའི་བོན་དང༌། གཏན་ཚིགས་ཚད་མའི་རྣམ་བཞག་ཚད་མ་སྡེ་བདུན་སོགས་བོད་ཀྱི་ན༷ང་དོན་རི༷ག་པའི་བོན་སྒོ་ཐོག་མར་ཕྱེས།

   དགུང་ལོ་བཅུ་གཉིས་སྐབས་འཇིག་རྟེན་གྱི་མངའ་དབང་ཅན་དབང་ཆེན་ས་བདག་གི་རྒྱལ་པོ་ཁྱབ་པ་དབང་ཆེན་བྱ་བའི་ཕོ་བྲང་དུ་ཡེ་རྗེ་ས་ཡི་རྒྱལ་པོའི་དགོངས་པ་བཞིན། དབང་ལྡན་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་མདོ་རྒྱུད་ལེགས་པར་གསུངས་ཤིང༌། གཙོ་བོ་གཟའ་དང་སྐར་མའི་འཕྲོད་སྦྱོར་ལ་བརྟག་པའི་ས༷ྐར་རྩི༷ས་དང༌། ཕྱི་ནང་གི་འབྱུང་བའི་བྱེད་ལས་སོགས་ལ་བརྟགས་པ་གཙོར་བྱེད་པ་འབྱུང་རྩིས་སམ་ཕྱིས་ན༷ག་རྩི༷ས་སུ་གྲགས་པ།  ཡེ་རྗེ་སྨན་ལྷའི་དགོངས་པ་བཞིན་གསོ༷་བ་རི༷ག་པའི་རྣམ་བཞག་བདུད་རྩི་སྨན་གྱི་མདོ་དགུ་སོགས་མཛད་ཅིང༌། དེ་བཞིན་དགུང་ལོ་བཅུ་གསུམ་སྐབས་ལྷ་ཀླུ་མི་གསུམ་གྱི་སློབ་མ་བློ་རབ་འབྲིང་མཐའ་གསུམ་ལ་ལྟོས་ཏེ། བསྒྲགས་པ་རྣམ་གསུམ་སྟེ་བཞེངས་པ་སྐུ་ཡི་དཔེའུ་རྩེ། བསྒྲགས་པ་གསུང་གི་དཔེའུ་རྩེ། བསྒྲུབ་པ་ཐུགས་ཀྱི་དཔེའུ་རྩེ་ལས་སོགས་དཔེའུ་རྩེ་རྣམ་གསུམ་གྱི་བོན་བསྟན་ཞེས་གསལ་ལོ། །

གསུམ་པ། རྣམ་པར་འདུལ་བའི་མཛད་པ།

   ཇི་སྐད་དུ། བོན་ཉིད་དབྱིངས་ནས་རང་བཞིན་ལྷུན་ལ་རྫོགས། །སྤྲུལ་བའི་སྐུར་བསྟན་འགྲོ་བའི་དོན་ལ་དགོངས། །ཚངས་རྒྱུང་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན། །འདུལ་བའི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་འགྱེད། །ཞེས་གསུངས་པ་ལྟར། གཤེན་གྱི་དགུང་ལོ་བཅུ་བཞིའི་སྐབས་སྟོན་པ་མཆོག་ཐུགས་ཞི་བའི་ངང་ལས་གཡོ་བ་མེད་པ་ཀུན་ཁྱབ་ནམ་མཁའ་ལྟ་བུའི་ཀློང་སྟེ། མཐར་ཐུག་བླ་ན་མེད་པའི་གོ་འཕང་མཐོན་པོའི་རྒྱལ་སར་ཡེ་ནས་མངོན་པར་འཁོད་ཟིན་ན་ཡང༌། གདུལ་བྱ་སེམས་ཅན་གྱི་སྣང་བར་བསམ་གྱིས་མི་ཁྱབ་པའི་མཛད་པ་འགྲོ་བ་རང་རང་གི་ཁམས་དང་མོས་ངོར་འཁོར་བའི་འཇིགས་པ་ལས་སྒྲོལ་བའི་དེད་དཔོན་ལྟ་བུར། སྤྲུལ་བའི་ཟློས་གར་བསམ་གྱིས་མི་ཁྱབ་པ་མཛད། དེའང་དགུང་ལོ་བཅུ་བཞིའི་དུས་སྐུའི་གནས་རྣམས་ནས་རིགས་དྲུག་གི་ཞིང་ཁམས་འདུལ་བའི་འདུལ་བ་གཤེན་དྲུག་དང༌། འཁོར་གྱི་དམ་པར་གྱུར་བ་ཡེ་གཤེན་སུམ་བརྒྱ་དྲུག་ཅུ། གཡེན་ཁམས་འདུལ་བའི་གཡེན་འདུལ་གྱི་བོན་པོ་སུམ་ཅུ་རྩ་གསུམ། འབྱུང་བའི་གཤེན་བཞི་ལས་སོགས་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་རྣམ་པར་སྤྲུལ་ཏེ། གདུལ་བྱའི་ཚོགས་རྣམས་བླ་མེད་བྱང་ཆུབ་ཆེན་པོའི་རྒྱལ་སར་འཁྲིད་པའི་འཕྲིན་ལས། ཐུགས་རྗེ་ཆེ་བ། ཐབས་ལ་མཁས་པ། ཐམས་ཅད་མཁྱེན་པ་བཅས་མཛད་འཕྲིན་རབ་ཏུ་རྒྱས་པའོ། །

བཞི་པ། རྣམ་པར་འདྲེན་པའི་མཛད་པ།

   ཇི་སྐད་དུ། གདུལ་དཀའ་ཉོན་མོངས་འཁོར་བའི་སེམས་ཅན་ལ། །མཁྱེན་དང་བརྩེ་བའི་ཐུགས་རྗེས་རབ་དགོངས་ཤིང༌། །དེ་ཉིད་སྡུག་བསྔལ་ཉོན་མོངས་ཞི་མཛད་ཅིང༌། །ངན་སོང་གནས་སྤངས་ཐར་པའི་ལམ་ལ་བཀོད། །ཞེས་གསུངས་པ་ལྟར། གཤེན་གྱི་དགུང་ལོ་བཅོ་ལྔའི་སྐབས་སྣང་ཞིང་སྲིད་པའི་འཇིག་རྟེན་གསུམ་གྱི་ཀློང་ན་སེམས་ཅན་གྱི་ཁམས་མི་འདྲ་མི་གཅིག་གྲངས་མེད་དུ་གནས་པ། མཐའ་ན་སངས་རྒྱས་ཀྱི་མཛད་པ་ལའང་ལོག་པར་ལྟ་ཞིང༌། སྙིང་རྩ་ཞེ་སྡང་གིས་མནན་པའི་སྡིག་ཅན་གཏོ་བུ་དོད་དེ་ལ་སོགས་ཀྱི་སྒྲིབ་སྦྱོང་ཆེད་ལྷ་གཤེན་བརྒྱའི་མཚན་ཕྱག་དང༌། རིགས་དྲུག་བར་དོའི་གནས་འདྲེན་གཏོ་བུ་ཕོ་སྦྱོང་མོ་སྦྱོང་སོགས་གནས་འདྲེན་ཞེ་དགུའི་ལམ་སྲོལ་གསར་དུ་བཏོད་ཅིང༌། ང་རྒྱལ་གྱི་རི་བོས་སྣང་བ་རྒྱ་ཆེར་བཏེགས་པའི་རྒྱལ་པོ་ཁྲི་ཤི་དབང་རྒྱལ་སོགས་ཀྱི་སྒྲིབ་སྦྱོང་ཆེད་ཀུན་རིག་སྒྲོན་མའི་ཆོ་ག་དང༌། ཕྲག་དོག་གི་གཡང་སའི་འདམ་ལ་ལྷུང་བའི་སྡིག་ཅན་ཧ་ལ་ར་ཙ་སོགས་ཀྱི་སྒྲིབ་སྦྱོང་ཆེད་འདྲེན་ཆོག་སྒྲིབ་སྦྱོང་གི་མདོ། ཆགས་སྲེད་ཀྱི་མེ་ལྕེས་གདུང་བའི་བཙུན་མོ་འགུ་ལིང་མ་ཏི་སོགས་ཀྱི་སྒྲིབ་སྦྱོང་ཆེད་མུན་སེལ་སྒྲོན་མའི་ཆོ་ག་དང༌། ཁ་འབྱམས་གཏི་མུག་གིས་བཙོན་དུ་བཟུང་བའི་གུ་ཝེར་ར་ཙ་ལ་སོགས་དུག་ལྔས་ཤས་ཆེར་གདུང་བའི་སེམས་ཅན་མཐའ་ཡས་པ་ཞིག སྟོན་པ་སངས་རྒྱས་ཀྱི་བྱིན་རླབས་དང་ཐུགས་རྗེའི་འོད་ཟེར་ཀྱི་ཉག་ཐག་ཁོ་ན་ལ་བརྟེན་ནས་ངན་འགྲོའི་སྡུག་བསྔལ་སྤོང་ཞིང༌། མཐར་ཐུག་བླ་ན་མེད་པའི་གོ་འཕང་རིན་པོ་ཆེ་མངོན་དུ་ཐོབ་པར་གྱུར།

ལྔ་པ། རྣམ་པར་ངེས་པའི་མཛད་པ།

   ཇི་སྐད་དུ། རྒྱལ་བའི་སྲས་པོ་དམ་པ་འགྲོ་བའི་དཔལ། །རབས་ཆད་མ་ནིང་བྱ་བའི་ངག་གཅག་ཕྱིར། །མི་རྗེ་སྲིད་པ་འགྲོ་བའི་དོན་མཛད་སྤྲུལ། །རྒྱལ་བའི་སྲས་པོ་འགྲོ་དོན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་གཤེན་གྱི་དགུང་ལོ་བཅོ་ལྔའི་སྐབས་སྐུ་ལ་རྟག་ཏུ་འཁོར་བའི་འཇིག་རྟེན་གྱི་ལྷ་རིགས། ལྷ་ཡི་དབང་པོ་བརྒྱ་བྱིན་སོགས་ཀྱིས་སྟོན་པ་མཆོག་ལ་གསང་བའི་ཁབ་བཞེས་པར་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྟོན་པས་ཀྱང་རབས་ཆད་མ་ནིང་བྱ་བའི་ངག་བཅག་པའི་ཕྱིར་དུ། ཧོས་བཟའ་རྒྱལ་མེད་མ་དང༌། དཔོ་བཟའ། ལྷ་བཟའ། ཀླུ་བཟའ། ཀོང་བཟའ། རྒྱ་བཟའ། ཕྱྭ་ བཟའ། གསས་བཟའ། ཟེ་བཟའ་སོགས་དགྱེས་སྡེའི་ཚུལ།

   རྒྱལ་རྗེ་བྲམ་ཟེ་དམངས་རིགས་ཀྱི་བུ་མོ་ལྔ་བཅུ་ལྔ་བཅུ་རྒྱལ་མོ་དང་བློན་མོ་ཁྲུས་མཛད་དང་བྲན་མོའི་ཚུལ།  ཤག་རིགས།  ཧོས་རིགས།  དཔོ་རིགས། རྒྱ་རིགས། གཏོ་དཔྱད་དང་གཉན་རིགས་ཀྱི་བུ་མོ་སུམ་ཅུ་སུམ་ཅུ་མཛའ་མོ་དང༌། སྐུ་སྲུང༌། རྩིས་མཁན་དང་མགྲོན་མོའི་ཚུལ་དུ་བཞེས་པར་མཛད།  དེ་དག་ཀྱང་མཚན་དཔེས་བརྒྱན་པའི་ཡུམ་ཆེན་མོ།  སུམ་བརྒྱ་དྲུག་ཅུའི་སྤྲུལ་པའི་ཟློས་གར་གྱི་ངོ་བོར་བཞེངས་པ་ཤ་སྟག་སྟེ།  དེའང་ཆགས་ཞེན་གྱི་དྲི་མའི་མདུད་པ་རྩད་ནས་བཅད་ཅིང༌།  འགྲོ་བ་རང་མཐུན་གྱི་རྣམ་པར་བསྒྱུར་བའི་བཙུན་མོའི་རིགས་སུ་གཏོགས་པར་གྲགས།

དྲུག་པ། རྣམ་པར་སྤྲུལ་བའི་མཛད་པ།

   ཇི་སྐད་དུ། གང་ཞིག་གང་གིས་འདོད་པའི་རྒྱ་མཚོར་བྱིངས། །དེ་ཉིད་དེ་ཡི་ངང་དུ་བྲལ་བ་ཅན། །མི་འབྲལ་ལྷ་མོའི་ངང་དུ་རོ་གཅིག་པ། །གང་དག་མཐུན་པ་མཛད་ཕྱིར་འགྲོ་བའི་དོན། །ཞེས་པ་ལྟར་གཤེན་གྱི་དགུང་ལོ་བཅུ་དྲུག་དང་བཅུ་བདུན་སྐབས། རྒྱལ་བ་སངས་རྒྱས་ཉིད་ལ་རིགས་རྒྱུད་ཀྱི་མེ་ཏོག་བསྐྱེད་པས་དགོས་པ་ཅིར་མི་འཚལ་ཡང༌། དམུ་རིགས་གཤེན་གྱི་རྒྱལ་པོའི་གདུང་རྒྱུད་ཟམ་མི་ཆད་པར་འགྲོ་དོན་དུ་འབྱོན་པའི་ཕྱིར་དུ་དགོངས་ནས། ཐབས་དང་ཤེས་རབ་རོལ་བའི་ཚུལ་ལས་རྒྱལ་བའི་སྲས་དང་སྲས་མོ་བཅུ་ཕྲག་གཅིག་འཁྲུངས་ནས་བསྟན་པ་དང་འགྲོ་བའི་དོན་དུ་འཕྲིན་ལས་ཤ་སྟག་མཛད། དེའང་ཧོས་བཟའ་རྒྱལ་མེད་ལ་སྲས་གཏོ༷་བུ༷་འབུ༷མ་སང༷ས་དང༌། དཔྱ༷ད་བུ༷་ཁྲི༷་ཤེ༷ས། སྲས་མོ་གཤེ༷ན་བཟ༷འ་ནེ༷འུ་ཆེ༷ན་དང་གསུམ།  དཔོ་བཟའ་ཐང་མོ་ལ་ལུ༷ང་འདྲེ༷ན་གས༷ལ་བ༷་དང༌། རྒྱུ༷ད་འདྲེ༷ན་སྒྲོ༷ན་མ༷། སྲས་མོ་གཤེ༷ན་བཟ༷འ་ནེ༷འུ་ཆུང༷་དང་གསུམ། གསས་བཟའ་ངང་རིང་ལ་འོ༷ལ་དྲུག༷་ཐང༷་པོ༷། ཕྱྭ་བཟའ་གུང་དྲུག་ལ་མུ༷་ཆོ༷་ལ༷ྡེམ་དྲུག ཀོང་བཟའ་ཁྲི་ལྕམ་ལ་རྒྱལ་སྲས་གཡུ༷ང་དྲུ༷ང་དབ༷ང་ལ༷ྡན། རྒྱ་བཟའ་འཕྲུལ་བསྒྱུར་ལ་རྒྱལ་སྲས་ཀོ༷ང་ཚ༷་འཕྲུ༷ལ་བུ༷་བཅས་འཁྲུངས། རྒྱལ་སྲས་དེ་རྣམས་སྐུ་འཁྲུངས་པའི་དུས་སུ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་ཤིང༌། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ནས་ལྷ་ཀླུ་མི་གསུམ་གྱིས་དགེ་བའི་སྡོངས་བཏབ། ལྷ་ཆེན་ཚངས་པས་བདུད་རྩིའི་ཁྲུས་བྱས། ལྷ་དབང་བརྒྱ་བྱིན་གྱིས་ནོར་བུ་རིན་པོ་ཆེའི་དབང་བསྐུར། ཀླུ་རྒྱལ་འཇོག་པོས་ཨུ་དུམ་ཝ་རའི་མེ་ཏོག་གིས་མཆོད་པ་བྱས། ཀླུ་དགའ་བོས་དགའ་ལྡན་གྱི་ཚངས་བུར་བཅུགས། ཀླུ་མལ་དྲོས་ཀྱིས་སྨོན་ལམ་གྱི་ཉག་ཐག་བྱས་པ་སོགས་མཛད་ཅིང༌། གཏོ་བུའི་ཐུགས་ལ་འབུམ་སྡེ་གསལ་ཞིང་སྨྲང་རྒྱུད་བདུད་རྩིས་སྤེལ་ནུས་པ་དང༌། དཔྱད་བུས་དཔྱད་ཁྲི་སྡེ་མཁྱེན་ཅིང་དཔྱད་རྒྱུད་བདུད་རྩིར་སྦྱོར་ནུས་པ་སོགས། ཐབས་ཤེས་སྲས་སྤྲུལ་གྱི་མཛད་པས་བསྟན་འགྲོའི་དོན་རླབས་ཆེན་བསྒྲུབས་པར་མཛད། །

བདུན་པ། རྣམ་པར་འཇོམས་པའི་མཛད་པ།

   ཇི་སྐད་དུ། བོན་ཉིད་དབྱིངས་ན་འཁོར་འདས་དབྱེར་མེད་ཅིང༌། །གཉིས་མེད་མཉམ་པའི་ངང་ལ་གནས་མོད་ཀྱང༌། །མ་རྟོགས་ལོག་པ་ཐུགས་རྗེས་འདུལ་བའི་ཕྱིར། །བསྟན་པའི་བར་ཆད་ཉེ་བར་ཞི་བར་མཛད། །ཞེས་གསུངས་པ་ལྟར། གཤེན་གྱི་དགུང་ལོ་བཅོ་བརྒྱད་སྐབས་ཚངས་རིས་ཀྱི་ཐད་ཀ་མུན་པ་གཡུང་དྲུང་ཟེར་ལྡན་གྱི་གནས་སུ་བདུད་རྒྱ་ལག་ཐོད་རྗེའི་བུ་བདུད་རྗེ་ཁྱབ་པ་ལག་རིང་བྱ་བས། སྟོན་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སུམ་བརྒྱ་དྲུག་ཅུས་བདུད་ཁམས་ཐམས་ཅད་སྟོངས་སུ་འཇུག་པ་མཐོང་སྟེ། ཆོ་འཕྲུལ་སྣ་དགུའི་ལམ་ནས་སྟོན་པ་ལ་འགྲན་འཚོལ་བའི་ཐབས་སུ། དྲག་པོ་བདུད་ཀྱི་དཔུང་དམག་བྱེ་བ་དུང་ཕྱུར་མང་པོས་སྣེ་དྲངས་ཏེ་འཁོར་གསུམ་སྟེ་མདའ་དང་གཞུ་རལ་གྲི་ལས་སོགས་མཚོན་ཆ་ཆར་ལྟར་ཕབ་ཀྱང༌། སྟོན་པ་སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུ་སྟོབས་ལས་མཚོན་ཆ་ཐམས་ཅད་མེ་ཏོག་པད་མའི་ཆར་དུ་བསྒྱུར་བ་ན། བདུད་ཀྱི་དཔུང་རྣམས་ཀྱང་སྟོན་པ་ལ་དད་པའི་བློ་ཕྱོགས་ཏེ་ལྷ་ཕྱག་འཚལ་ནས་སྟོན་པའི་འཁོར་དུ་འདུས་པར་གྱུར། བདུད་རྗེ་ཁྱབ་པའི་དཔུང་ཚོགས་ཀྱིས་སྟོན་པའི་སྐུ་ལ་འཚེ་བའི་སྐྱོན་སོགས་གང་ཡང་མ་བྱུང་ཡང༌། སྟོན་པའི་ཐུགས་ཀྱི་སྲས་མོ་གཤེན་བཟའ་ནེའུ་ཆུང་དེ་ཉིད་འོལ་གླིང་མེ་ཏོག་རྒྱས་པའི་སྐྱེད་ཚལ་ནས་བདུད་ཀྱི་རྗེས་སུ་འབྲངས་ཏེ་བདུད་ཡུལ་དུ་ཆས་པ་སྲས་གཏོ་བུ་དང་དཔོ་བཟའ་གཉིས་ཀྱིས་སྟོན་པར་ཞུས། སྟོན་པས་ཀྱང་བདུད་ཡུལ་དུ་འགྲོ་དོན་རྒྱ་ཆེར་འོངས་པའི་ཐུགས་བསྐྱེད་རྒྱུད་ལ་འཁྲུངས་པ་ལྟར། བདུད་ཡུལ་དུ་བྱོན་ནས་གཤེན་བཟའ་དང༌། བདུད་ཕྲུག་སྟག་བུ་ཐུང་དང་གཟིག་བུ་ཐུང་བཅས་སྟོན་པའི་འཁོར་དུ་བསྡུ་བར་མཛད། དགུང་ལོ་བཅུ་དགུའི་ཡས་མས་སྐབས། བདུད་ཁྱབ་པས་གཤེན་རབ་ཀྱི་ནོར་ལ་ཆོ་འཕྲུལ་བསྟན་ཏེ། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་ཆིབས་རྟ་བདུན་རྐུས་ནས་ཀོང་པོའི་ཡུལ་དུ་བྱོལ། སྟོན་པ་ཉིད་གཡུང་དྭགས་རྟ་ལ་ཆགས་པའི་ཞེན་པ་ཡེ་ནས་བྲལ་ཡང་བོད་ཀྱི་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་རིགས་དྲེགས་པ་ཅན་རྣམས་དམ་ལ་འདོགས་པའི་ཕྱིར་གྱི་ལིང་རྟ་རྗེས་སུ་འབྲངས་ཏེ་ཀོང་ཡུལ་དུ་བྱོན་ནས་མི་འགྱུར་བཀྲ་ཤིས་ཀྱི་ཞབས་རྗེས་བཞག་པ་ད་ལྟའང་མཇལ་ཡུལ་དུ་ཡོད་ཅིང༌། བདུད་དམག་དང་ཀོང་དམག་ཆམ་ཕབ་དམ་བཏགས་མཛད། ཀོང་རྗེ་དཀར་པོ་སོགས་མངའ་འོག་ཏུ་བསྡུས་པར་མ་ཟད་རབ་ཏུ་བྱུང་བར་གྲགས། ཡུལ་ལུང་གི་སྲོལ་རྒྱུན་དང་གདོད་མའི་རིག་གནས་ཀྱི་བྱེད་སྒོ་ལྟར་གྱུར་བ། དྲེགས་པའི་ལྷ་དང་ཡུལ་ས་གཞི་བདག་སོགས་ལ། ཆེད་དུ་སེམས་ཅན་དུད་འགྲོ་མང་པོའི་སྲོག་བཅད་ནས་དམར་མཆོད་བྱེད་པ་སྟེ། བོད་དང་ཀོང་པོ་སོགས་ལ་མི་དགེ་བའི་ལྟས་མང་ཞིང་སྡིག་བཅུའི་འཁོར་ལོ་བསྐོར་བ་སོགས། མདོར་ན་སྟོན་པ་སངས་རྒྱས་ཀྱི་ལྟ་སྤྱོད་ལས་འདས་པའི་རྒྱུན་སྲོལ་དུ་མར་ཐབས་དང་ཐུགས་རྗེའི་སྒོ་ནས་བཀག་པར་མཛད། དེ་དག་གི་ཚབ་ཏུ་དཀར་མཆོད་ཀྱི་ལམ་ནས་ལྷ་ཀླུ་གཞི་བདག་གསོལ་བ་དང༌། འདྲེ་བཀར་བ། ཡུག་ཕུད་པ་སོགས་རྒྱུ་ཐེག་བཞིའི་བོན་ རྣམས་དར་ཞིང་རྒྱས་པར་མཛད་ཅིང༌། དུས་ནམ་ཞིག་བོད་དུ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་རིན་པོ་ཆེ། མཁའ་ལ་ཉི་ཟླ་ཤར་བའི་ཚུལ་གྱིས་དར་ཞིང་རྒྱས་པར་ཐུགས་སྨོན་རླབས་ཆེན་གནང་སྟེ་སླར་རྟག་གཟིགས་སུ་ཕེབས། དུས་མཚུངས་སུ་རྫུ་འཕྲུལ་གྱི་ཞབས་ཀྱིས་བཀྱགས་ཏེ་བལ་པོའི་ཡུལ་དུ་ཕེབས་ཤིང༌། བོན་པོ་ཨ་ཤོ་རྡ་ར་ལ་སོགས་པར་བཞེངས་པ་སྐུ་ཡི་དཔེའུ་རྩེ་མཆོད་རྟེན་བཞེངས་པའི་བཀའ་བསྩལ་ཏེ། གནས་ཆེན་འཕགས་པ་ཤིང་ཀུན་བཞེངས་བསྐྲུན་ཞུས་པའི་སྐོར་བོན་གྱི་རྒྱལ་རབས་ལོ་རྒྱུས་ཁག་ཏུ་གསལ་ཞིང༌། སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཞལ་བྱང་ལས་ཀྱང༌། བལ་ཡུལ་འཕགས་པ་ཤིང་ཀུན་ལ། དར་ཚོན་སྣ་ལྔའི་གདུགས་ཕུལ་ན། ཕྱི་མར་སྐྱེ་གནས་ངན་པ་ཁེགས། ཞེས་གསུངས་པར་མ་ཟད། ཡམ་བུ་རྒྱལ་པོའི་རྒྱལ་རབས་ལྟར་འཆད་ན། སྟོན་པ་བཅོམ་ལྡན་འདས་ལུམ་འབི་ནི་རུ་སྐུའི་སྐྱེ་བ་མ་བཞེས་པའི་ཡར་སྔོན་ནས། བལ་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞེས་གསལ་བར་གྲགས་པས། སྐབས་དེ་དུས་ནས་བཟུང་བལ་པོ་རུ་གཡུང་དྲུང་བོན་གྱི་བསྟན་པ་དར་ཟིན་པར་བཤད། དེ་མིན་འཛམ་གླིང་གི་ཡུལ་གྲུ་རྒྱ་དཀར་ནག་དང༌། ཨོ་རྒྱན། ཟ་ཧོར། ཁ་ཆེ། ཐོ་གར་སོགས་ལ་ཕེབས་པའི་ལོ་རྒྱུས་མང་ཡང་མཛད་རྣམ་ཁག་ཏུ་རྒྱས་པར་གསལ་ལོ། །

བརྒྱད་པ། རྣམ་པར་རྒྱལ་བའི་མཛད་པ།

   ཇི་སྐད་དུ། སྟོན་པ་རྣམ་མཁྱེན་དཔལ་གྱི་སྒྲོན་མེའི་མཆོག །བོན་ཉིད་དབྱིངས་སུ་མྱ་ངན་འདས་མོད་ཀྱང༌། །ཐུགས་རྗེ་རྒྱུན་མི་འཆད་པར་གནས་པའི་ཕྱིར། །བསྟན་པ་རྣམ་གསུམ་རྗེས་སུ་བཞག་པར་མཛད། །ཞེས་གསུངས་པ་ལྟར། གཤེན་གྱི་དགུང་ལོ་ཉེར་གཅིག་སྐབས། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ཤཱཀ་རིགས་རྒྱལ་པོའི་ཁབ་ཀྱི་འགྲོ་དོན་དུ་གཤཻགས་ནས། གསས་མཁར་སྒྲོན་མ་དགུ་ཐོག་བཞེངས་ཤིང་གཤེན་རབ་ཁ་སྟེ་མུ་ཡ་ལ་སོགས་ལ་ཐེག་པ་རིམ་དགུའི་འཁོར་ལོ་བསྐོར་ཞིང༌། ཐུགས་ཀྱི་རྟེན་མཆོག་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་བཞེངས་ནས་སྐུ་གདུང་བསྟན་པ་རྗེས་བཞག་གནང༌། དགུང་ལོ་ཉེར་གཉིས་ནས་ཉེར་བཞིའི་བར་འོད་ཀྱི་ལྷ་རི་སྤོ་མཐོན་ལ་འབུམ་སྡེ་བྱེ་མ་ལ་ཉི་ཁྲི་ཆུ་རྒྱུན་དང༌། ཁམས་ཆེན། བོན་ཉིད་སྙིང་པོ་བདལ་བའི་འབུམ། འབུམ་ཉི་མ་དགུ་ཤར། མངོན་རྟོགས་རིག་པའི་རྩེ་མོའི་འབུམ། བ་ག་དབྱིངས་ཀྱི་འབུམ་སོགས་འབུམ་རྒྱས་འབྲིང་བསྡུས་གསུམ་མཛད་ཅིང༌། འབུམ་སྡེ་དེ་དག་གླེགས་བམ་དུ་བསྐྲུན་ཏེ་མངའ་དབུལ་ཞལ་བསྲོ་བཀྲ་ཤིས་རབ་གནས་ཀྱི་ཆོ་གས་བརྟན་པར་བཞུགས་སུ་གསོལ་ཏེ།  སངས་རྒྱས་ཁྲི་དང་བདུན་སྟོང་གི་མཚན་མདོ་ལ་སོགས་གསུངས། དགུང་ལོ་ཉེར་ལྔའི་སྐབས་འོལ་གླིང་གི་ཤར་ཕྱོགས་རྒྱ་ཡུལ་འོད་མ་གླིང་དུ། གཤེན་རབ་སྤང་ལ་ནམ་གཤེན་ལ་སོགས་ལ་སྐུ་གདུང་བསྟན་པ་རྗེས་སུ་བཞག་ཅིང༌། དགུང་ལོ་ཉེར་དྲུག་སྐབས་རྒྱ་མཚོའི་གླིང་ཐོག་ཏུ་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པར་བདུད་ཀྱི་བར་ཆོད་རྣམས་བསལ་ཏེ། བཀའ་འཁོར་དང་པོ་ཀུན་རྫོབ་ཀྱི་བོན་བརྗོད་བྱའི་གཙོ་བོར་སྟོན་པ་ཐེག་པ་རིམ་དགུ་དང་རིག་གནས་ལྔ་ཡི་བོན་དང༌། དགུང་ལོ་ཉེར་བདུན་སྐབས་བཀའ་འཁོར་བར་པ་བདེན་གཉིས་ཟུང་འབྲེལ་གྱི་བོན་སྒོ་བཞི་མཛོད་ལྔའི་བོན། དགུང་ལོ་ཉེར་བརྒྱད་སྐབས་བཀའ་འཁོར་ཐ་མ་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱི་ནང་གསང་གསུམ་གྱི་བོན་བསྟན་ཞིང༌། བཀའ་འཁོར་དེ་རྣམས་སྟོན་པ་སངས་རྒྱས་དང༌། སངས་པོ་གཉིས་ཐབས་ཤེས་ཟུང་འབྲེལ་གྱི་ཚུལ་གྱིས་རིན་ཆེན་སྣ་ལྔའི་གླེགས་བམ་བྱེ་བ་ཕྲག་བརྒྱར་བྲིས་པའི་གསུང་རབ་དང༌། སྐུ་གདུང་སྐུ་གཟུགས་གསུང་རབ་བཅས་གསས་ཁང་དཀར་ནག་བཀྲ་གསལ་དུ་བསྟན་པ་རྗེས་བཞག་མཛད་ཅིང༌། མདོ་གཡུང་དྲུང་ཀློང་རྒྱས་འཕྲིན་ལས་བཅོ་བརྒྱད་ཀྱི་སྒོ་ནས་མངའ་དབུལ་ཞལ་བསྲོ་བཅས་རྒྱས་པར་མཛད་པའོ། །

དགུ་པ། རྣམ་པར་རིག་པའི་མཛད་པ།

   ཇི་སྐད་དུ། འདི་ལྟར་སྣང་བ་འཇིག་རྟེན་གཡེང་བའི་ཚོགས། །སྐད་ཅིག་རྨི་ལམ་སྒྱུ་མ་ལྟ་བུར་གཟིགས། །མ་དག་སྡུག་བསྔལ་འཁོར་བ་བསྒྲལ་བའི་ཕྱིར། །དག་པ་རྣམ་ལྡན་ཁྱིམ་སྤངས་རབ་ཏུ་བྱུང༌། །ཞེས་གསལ་བར་ལྟར། གཤེན་གྱི་དགུང་ལོ་སོ་གཅིག་ཐོག་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་གནས་པའི་སེམས་ཅན་རྣམས་ཀྱང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་བའི་འགྲོ་བ་རྣམས་ཀྱི་ཆེད། འདིར་སྣང་གི་དངོས་པོ་གང་ཡང་སྐད་ཅིག་མི་རྟག་པའི་རང་གཤིས་ལས་ལྡོག་ཏུ་མེད་པའི་རྟག་འཛིན་དྲུངས་ནས་འབྱིན་པའི་བརྡ་ཐབས་སུ་རྒྱལ་སྲིད་ལོངས་སྤྱོད་འཁོར་འབངས་དང་བཅས་པ་ཐམས་ཅད་རབ་ཏུ་སྤངས་ཏེ་རབ་ཏུ་བྱུང་བའི་ཚུལ་ལ། སེམས་ཅན་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་བཞིན་ཀཽང་བཟའ་ལ་སོགས་བཙུན་མོ་ཞེན་ཆགས་ཅན་རྣམས་ངུ་སྒྲའི་ཤག་འདེབས་བྱེད་ཅིང༌། ཡིད་ཀྱི་ཁྱེའུ་ཆུང་ལ་སོགས་སྐལ་པ་དང་ལྡན་པའི་སྐྱེས་བུ་མང་པོས་དགའ་མགུ་ཡི་རངས་ཀྱི་མཆོད་པ་སྣ་ཚོགས་སྟོན་པ་དགྱེས་པའི་དམིགས་རྟེན་དུ་ཕུལ། སྟོན་པ་མཆོག་གིས་རང་བྱུང་མཆོད་རྟེན་བཞིའི་དྲུང་དུ་དབུ་སྐྲ་བསིལ་ཏེ་ཕྱོགས་བཅུའི་སེམས་ཅན་ལ་སྦྱིན་པར་བཏང་ཞིང༌། སྐུ་ལ་ན་བཟའ་གོས་དྲུག་གསོལ་བ་སྟེ་པད་ཞུ་སུལ་བུ་རྩ་ལྔ་དང༌། རྨད་གོས་གླིང་སྣམ་རྩ་ལྔ། རྨད་འོག་གླིང་སྣམ་བདུན་པ། རྨད་ཤམ་སུལ་བུ་རྩ་ལྔ། སྟོད་གོས་སུལ་བུ་རྩ་ལྔ། པད་ལྷམ་པད་རྩེགས་གཉིས་སྦྱོར་དང་བཅས་སྐུ་ལ་གསོལ། རིན་ཆེན་རྫས་ལྔ་སྟེ། ཕྱག་མཚན་ཧོས་རུ་སིལ་བ་སྒྲ་སྙན་དང༌། སྤུ་གྲི་ངར་འཇམ་རྣོན་པོ། ཚེམ་ཁབ་དབལ་མོ་སོ་ལེབ། ཁྲུས་བུམ་གཙང་མའི་པད་གདན། གཞི་སྐུར་བཅུད་ལྡན་པད་གྱེས་དང་ལྔའོ། དཔེ་ཆ་པད་ཁུག་སྔོན་པོ། རིན་ཆེན་རྫས་ཀྱི་འཕྲེང་བ། གདིང་བ་གཡུ་མདངས་སྔོན་པོ་བཅས་རབ་བྱུང་གི་རྟགས་རྣམས་འབྲལ་མེད་དུ་བསྣམས་ཅིང་རྒྱལ་སྲིད་རྩ་བཞིན་དོར་ཏེ༌། ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་དཀའ་ཐུབ་རྣམ་པ་གསུམ་བཅས་དཀའ་བ་སྣ་ཚོགས་དང་དུ་བླངས། དགུང་ལོ་སོ་གཉིས་སྐབས་མཁའ་ལྡིང་གཤོག་སྐྱེས་ ཤང་ཤང་དུ་སྤྲུལ་ནས་འོག་མིན་ཞིང་དུ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དག་པ་དྲང་སྲོང་གཙང་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཚུལ་རྣམས་རྫོགས་པར་མནོས་པ་སོགས། དགུང་ལོ་སོ་གཉིས་ནས་སོ་ལྔ་བར་དཀའ་ཐུབ་རྣམ་གསུམ་གྱི་མཛད་པའི་རྒྱུན་བསྐྱངས་གནང་བའོ། །

 །

བཅུ་པ། རྣམ་པར་དབེན་པའི་མཛད་པ།

   ཇི་སྐད་དུ། གང་དག་འཇིག་རྟེན་གཡེང་བར་གྱུར་བའི་ཚོགས། །དེ་ཉིད་སྡུག་བསྔལ་རྣམ་པར་དབེན་པའི་ཕྱིར། །གཡེང་བའི་ཚོགས་སྤངས་འཁོར་སྤངས་དགོན་པ་མཛད། །གཅིག་པུར་མི་གཡེང་བོན་ཉིད་དོན་ལ་དགོངས། །ཅེས་གསལ་བ་ལྟར། ལྔ་གསུམ་བཅོ་ལྔ་འཁོར་སྤངས་དགོན་པ་མཛད་པའི་ལོ་ཚད་ཡིན་ཞིང༌། དགུང་ལོ་ཞེ་དྲུག་ནས་དྲུག་ཅུའི་བར་སྐུ་ལ་རྟག་ཏུ་འཁོར་བའི་གཡུང་དྲུང་སེམས་དཔའི་ཚོགས་དང༌། འཇིག་རྟེན་ཁམས་ཀྱི་མངའ་དབང་ཅན་རྒྱལ་དང་རྒྱལ་སྲས་ཐམས་ཅད་བཅས། མདོར་ན་གཡེང་བའི་ལས་ཀྱིས་དགེ་ལ་བར་དུ་གཅོད་པའི་ཚོགས་ཐམས་ཅད་སྤངས་ཏེ། གཡུང་དྲུང་དགུ་བརྩེགས་རིན་ཆེན་མཆོང་ལས་གྲུབ་པའི་བྲག བཀའ་འདའ་ཤེལ་གྱི་ཕུག་པའི་ཁོང་གསེང་དུ་དགོངས་པ་ལ་བཞུགས་ཤིང༌། སྐུའི་འཁོར་བཙུན་པ་ཁྱབ་པ་སོགས་ཀྱིས་སྐྱེ་བ་གཅིག་ལས་མི་ཐོགས་པའི་མཐར་ཐུག་སངས་རྒྱས་སྒྲུབ་ཐབས་ཀྱི་གདམས་པ་ཞུས། འཁོར་རྣམས་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ཏེ་བཀའ་གཞུང་བཤད་ཉན་གྱི་སྡེ་དང༌། རི་ཁྲོད་ཅོག་བུའི་སྡེ། བྲག་དགོན་དཀའ་ཐུབ་ཀྱི་སྡེ། ཤིང་དྲུང་མི་རྟག་པའི་སྡེ་དང་བཞིར་ཕྱེས་ཤིང༌། དག་པ་དྲང་སྲོང་དང༌། གཙང་མ་གཙུག་ཕུད། ཚུལ་གནས་དགེ་བསྙེན། བསྙེན་གནས་ཡན་ལག་དང་བཅས་བཞི་ལ་ཕོ་བཞི་མོ་བཞི་རུ་ཕྱེས་ཏེ་ཡ་བརྒྱད་དོ། དེ་རྣམས་ལ་འདུལ་བ་ཁྲིམས་ཀྱི་རྒྱུད་པའི་བཀའ་འཁོར་སྐོར། དེས་ན་ད་ལྟའི་བོན་ཆོས་གཉིས་ཀའི་འདུལ་འཛིན་པའི་ཕྱིའི་ན་བཟའ་དང༌། ནང་གི་འདུལ་སྡོམ་བཅས་ཀྱི་ཕུགས་ཀྱང་སྟོན་པ་སངས་རྒྱས་ལ་ཐུག་པར་མངོན་ནོ། །

བཅུ་གཅིག རྣམ་པར་གྲོལ་བའི་མཛད་པ།

   ཇི་སྐད་དུ། རྒྱལ་བའི་སྲས་པོ་དམ་པ་མཐར་ཕྱིན་ཅིང༌། །དཀའ་བ་རྣམ་སྤྱོད་སྦྱོང་ཐོབ་མི་མངའ་ཡང༌།  །འགྲོ་བའི་དོན་དགོངས་སྦྱོང་ཐོབ་མཐར་ཕྱིན་ཕྱིར། །མཐར་ཕྱིན་དགའ་བ་བདེ་ལྡན་མཛད་པ་རྫོགས། །ཞེས་གསལ་བ་ལྟར། ལྔ་གསུམ་བཅོ་ལྔ་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་ལོ་ཚད་ཡིན་ཞིང༌།  དགུང་ལོ་རེ་གཅིག་ནས་དོན་ལྔ་བར་འཁོར་སྡེ་བཞི་ཡ་བརྒྱད་སོགས། འཁོར་ཚོགས་བསམ་གྱིས་མི་ཁྱབ་པར་ལྟ་བ་དབྱིངས་ནས་ཡས་ཕུབ།

   སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཞིག  ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅེས་པ་ལྟར།  ལྟ་བ་ཡས་ཕུབ་དང་སྤྱོད་པ་མས་འཛེགས་ཀྱི་ལྟ་སྤྱོད་བཟང་པོ་ཉམས་སུ་བླངས་ཏེ་འཁོར་རྣམས་ལ་བསྟན་ཞིང༌། དགུང་ལོ་དོན་དྲུག་ནས་བརྒྱད་ཅུའི་བར་མ་འོངས་བསྟན་པའི་གཉེར་འཛིན་དུ་འཁོར་ཚོགས་བསམ་གྱི་མི་ཁྱབ་པ་རྣམས་ལ།  བླང་དོར་ཞིབ་གསལ་གྱི་ཐུགས་དམ་གནད་དུ་སྨིན་པ་ལེགས་པར་གསུངས།

བཅུ་གཉིས། རྣམ་པར་གྲུབ་པའི་མཛད་པ།

   ཇི་སྐད་དུ། རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །བོན་ཅན་མཚན་མ་མི་རྟག་དཔེར་བསྟན་ཕྱིར། །བོན་ཉིད་དབྱིངས་སུ་མྱ་ངན་འདས་ཚུལ་བསྟན། །མཁའ་མཉམ་ཀློང་བདལ་བོན་ཉིད་དབྱིངས་སུ་འཁོད། །ཞེས་གསལ་བ་ལྟར། གཤེན་གྱི་དགུང་ལོ་གྱ་གཉིས་ཐོག རྒྱལ་བ་སངས་རྒྱས་ཀྱི་སྐུའི་དཀྱིལ་འཁོར་ལ་སྐྱེ་དང་འཆི་བར་མི་མངའ་ཡང་གདུལ་བྱ་འགྲོ་བའི་སྣང་ངོར་རྟག་འཛིན་གྱི་མདུད་པ་སུན་འབྱིན་པའི་བརྡ་ཐབས་སུ་སྤྱི་ལོའི་སྔོན་ ༧༨༡༧ ལོའི་དགུན་ཟླ་ར་བའི་ནམ་སྟོང་ལ་མཉམ་པར་བཞག་ནས། ཐོ་རངས་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོར་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཞིང༌། ཡི་གེ་ཨ་ཡི་འོད་ཀྱིས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས།

   སྤྱི་ལོའི་སྔོན་ ༦༠༡༧ ལོར་རྒྱལ་བའི་གསུང་བསྟན་གྱི་གཉེར་དཔོན་གདུང་འཚོབ་མུ་ཆོ་ལྡེམ་དྲུག་འོག་མིན་ནས་འོལ་གླིང་དུ་ཕེབས་ཏེ། བཀའ་བསྡུ་བཅུ་གསུམ་གཙོ་འཁོར་དང་བཅས་པས་རྒྱལ་བའི་བཀའ་རྣམས་མདོ་སྡེ་དང༌། འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་སེམས་ཕྱོགས་ཀྱི་བོན་བཅས་སོ་སོར་ཕྱེས་ནས་རྒྱལ་བའི་བཀའ་ལ་དོན་གྱི་དགོངས་འགྲེལ་སྣ་ཚོགས་བརྩམས་ཤིང༌། ཁྱད་པར་དུ་མཆོག་ཏུ་གྱུར་བའི་ཐུགས་སྲས་འཛམ་གླིང་གི་ཁྱོན་ཀུན་ཏུ་རྫུ་འཕྲུལ་གྱི་ཞབས་ཀྱིས་བསྒྱུར་བའི་ནུས་མཐུ་དང༌། བྱིན་རླབས་ཀྱི་འོད་ཟེར་ཕོག་པ་འཛམ་གླིང་མཁས་པའི་རྒྱན་དྲུག་སྟེ། རྟག་གཟིགས་ལ་དམུ་ཙ་ཏྲ་ཧེ་དང༌། ཞང་ཞུང་ལ་ཁྲི་ཐོག་སྤར་ཙ། སུམ་པ་ལ་འགུ་ཧུ་ལི་སྤར་ཡ། རྒྱ་གར་ལ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལ་ལེགས་ཏང་རྨང་པོ། ཁྲོམ་ལ་གསེར་ཐོག་ལྕེ་འབྱམས་བཅས་བྱུང་སྟེ། ཡུལ་གྲུ་སོ་སོའི་རང་སྐད་དང་མཐུན་པའི་བོན་བསྟན་རིམ་གྱིས་སྤེལ་ཚུལ། རྒྱལ་བའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པར་གསལ་ཞིང༌། མདོར་དྲིལ་ན་འཛམ་གླིང་གི་ནང་པའི་བསྟན་པ་ཐམས་ཅད་ཀྱི་ཕུགས་ཀྱང་རྒྱལ་བ་དེ་ཉིད་ལ་ཐུག་པར་མངོན་ནོ། །

/

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *