སྤྱི་གཙུག་གི་ཉི་ཟླ་རྣམ་གཉིས།

རྩོམ་ཡིག་འདི་ཐེངས། 156107 བཀླགས་འདུག

76193_1611083770277_2271768_n

༧སྐྱབས་རྗེ་མཁན་རིན་པོ་ཆེའི་གསོལ་འདེབས།

ཨེ་མ་ཧོ།

རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།།

མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པ།།

ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།།

ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསོལ་འདེབས།

ཨེ་མ་ཧོ།

བསླབ་གསུམ་བསྟན་པའི་བདག་ཉིད་འགྲོ་བའི་མགོན།།

ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས།།

མདོ་སྡེ་སྔགས་ཀྱི་གནས་ལུགས་རྫོགས་པ་ཆེའི།།

བསྟན་པ་འཛིན་སྐྱོང་འཕྲིན་ལས་རྣམ་པར་དག།

ཡོངས་འཛིན་སྨྲ་བའི་དབང་པོར་གསོལ་བ་འདེབས།།

       བདག་ཅག་བོན་འབངས་ཡོངས་ཀྱི་སྤྱི་གཙུག་གི་ཉི་ཟླ་རྣམ་གཉིས་སྟེ། ༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ལགས། ཁྱེད་ད་ལོར་དགུང་ལོ་གྱ་བརྒྱད་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལགས། ཁྱེད་ད་ལོར་དགུང་ལོ་དགུ་བཅུ་རེད། ཁྱེད་རྣམ་གཉིས་ཀྱིས་བསྟན་དང་འགྲོ་བའི་སླད་དང་ཁྱད་པར་དུ་བོན་པོ་ཚང་གི་ཆེད་དུ་སྐུ་ཚེགས་གནང་སོང་། ཆ་མེད་རྒྱུས་མེད་ཀྱི་ལུང་པར་དྭ་ཕྲུག་བཞིན་འཁྱམས་པའི་བྱེས་འབྱོར་མ་ཏྲི་ཡིག་བརྒྱད་ངག་ལ་བྱང་བ་རྣམས་ལྷན་དུ་འཛོམས་ཐབས་གནང་ཞིང་། གནས་གཞི་གསར་པ་བསྐྲུན། བཤད་སྒྲུབ་ཀྱི་བསྟན་པའི་མེ་རོ་དལ་གྱིས་གསོས། ད་ཆར་ཁྱེད་རྣམ་གཉིས་ཀྱི་མཛད་པ་དང་འཕྲིན་ལས། ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་གཡུང་དྲུང་བོན་གྱི་དགོན་སྡེ་ ༤༧༠ ལྷག་བསྐྱར་གསོ་ལེགས་གྲུབ་བྱུང་འདུག་ལ། རིན་པོ་ཆེ་རྣམ་གཉིས་ཀྱི་བཀའི་སློབ་བུ་མང་པོས་སངས་རྒྱས་གཤེན་རབ་མི་བོའི་བསྟན་པའི་དུང་ཆེན་ཕྱོགས་བཅུར་འབུད་བཞིན་འདུག མདོ་སྔགས་རྫོགས་གསུམ་གྱི་དར་ཆེན་མཁའ་དབྱིངས་སུ་སྒྲེང་བཞིན་འདུག དེ་དག་ཐམས་ཅད་ཁྱེད་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ཡིན། ཁྱེད་གཉིས་ཀྱི་བཀའ་དྲིན་ནི་རང་ཅག་བོན་འབངས་ཁྲི་ཕྲག་མང་པོ་དང་རྒྱལ་ཁབ་འདྲ་མིན་གྱི་བོན་སྤྱོད་དད་ལྡན་པ་བརྒྱ་ཕྲག་མང་པོའི་སེམས་ངོགས་སུ་ལྷང་ངེར་འཛུམ་ཡོད། སྐུ་ཚེ་རིང་། སྐུ་ཚེ་རིང་། ཁྱེད་རྣམ་གཉིས་བསྐལ་པ་མ་སྟོང་བར་དུ་འགྱུར་མེད་གཡུང་དྲུང་གི་ཁྲི་ལ་བརྟན་པར་བཞུགས་སུ་གསོལ། །

རྒྱལ་གཤེན་བོན་སྒྲའི་ཚོགས་མི་ཐུན་མོང་གིས་གུས་པས་ཕུལ།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *