༢༠༡༦ ལོའི་དཔྱད་རྩོམ་ཨང་དང་པོ། ༼ཞང་ཞུང་སྒོ་བའི་མངའ་ཁོངས་ཟིང་ཆུ་ཕྱོགས་སུ་བོན་བསྟན་དར་ཚུལ་ལ་དཔྱད་པ།༽

ནང་དོན་གནད་བསྡུས། རྩོམ་འདིའི་ནང་མདོ་སྨད་སུམ་པའམ་ཟིང་ཆུ་རྫོང་དེ་ཞང་ཞུང་སྒོ་ཕུགས་བར་གསུམ་ལས་སྒོ་བའི་མངའ་ཁོངས་སུ་འདུས་ཚུལ་དང་། ཡུལ་ལུང་དེར་སངས་རྒྱས་གཡུང་དྲུང་བོན་དར་ཚུལ། མི་ལོ་བཞི་སྟོང་ལྷག་གི་ཡར་སྔོན་དུ་ཞང་ཞུང་གི་གྲུབ་ཆེན་ཟིང་བ་མཐུ་ཆེན་གནས་འདིར་ཕེབས་ཏེ་ཟིང་ཆུའམ་ཆུ་སྙིང་དཀར་གཏེར་དྲངས་བླ་མེད་རྫོགས་ཆེན་གྱི་བོན་གཞུང་ཉམས་སུ་བླངས་ཏེ་སངས་རྒྱས་ཀྱི་བསྟན་པ་གནས་འདིར་གཞི་རྒྱ་ཆེན་པོར་སྤེལ། དེ་ནས་རིམ་གྱིས་དུས་རབས་བདུན་པ་ཡས་མས་སུ་བླ་ཆེན་དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན། དེ་ནས་མདོ་སྨད་འཕགས་པ་རྣམ་གསུམ་ཕེབས་ཏེ་སོ་སོས་གདན་ས་རེ་ཕྱག་བཏབས་གནང་བའི་སྐོར། ཁྱད་པར་དུ་ཡུལ་ལུང་འདིར་ཞང་ཞུང་གི་ཤེས་རིག་ཁག་ད་དུང་མ་ཉམ་པར་གནས་ཚུལ་སོགས་ངོ་སྤྲོད་མདོ་ཙམ་ཞུས་ཡོད།