༧གདན་ས་ཆེན་པོ་སྨན་རིའི་གླིང་དུ་རིས་མེད་ལྟ་གྲུབ་ཀྱི་བགྲོ་གླེང་འཚོགས་འདུ།

    རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འདི་ཟླའི་ཕྱི་ཚེས་༢༣ དང་༢༤ བཅས་ཉིན་གཉིས་རིང་འཚོགས་སྟེ་ཕྱི་ཚེས་༢༤ ཉིན་ཟབ་རྒྱས་སྤྲོ་གསུམ་གྱི་ངང་བགྲོ་གླེང་གྲོལ་ཡོད་པ་རེད།      དེ་ཡང་རྒྱ་གར་ས་གནས་རྒྱལ་སྤྱིའི་བོད་བརྒྱུད་རིས་མེད་མཐུན་ཚོགས་རྒྱུན་ལས་སྐབས་དང་པོའི་གྲོས་གཞི་དང་གྲོས་ཆོད་ལྟར་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྨན་རིའི་གླིང་དུ་འཚོག་ཐུབ་ན་བོད་ཀྱི་ལོ་རྒྱུས་བྱུང་རབས་དང་ད་ལྟའི་གནས་བབས་གང་གི་ཆ་ནས་ཀྱང་དགེ་མཚན་ཆེ་ལུགས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ལ་ཇི་ལྟར་ཡིག་ངག་གཉིས་ཀྱི་ལམ་ནས་འཕྲིན་དུ་གསོལ་བ་བཞིན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་ཐེངས་འདིའི་བགྲོ་གླེང་ཚོགས་ཡུལ་དང་། སྐུ་མགྲོན་རྣམ་པའི་བཞུགས་གནས་དང་བགྲོ་གླེང་ཉིན་གཉིས་རིང་ཚོགས་བཅར་བ་ཡོངས་ལ་དུས་གསུམ་ཞལ་ལག་སོགས་མཐུན་རྐྱེན་གང་དགོས་སྦྱོར་རྒྱུའི་ཞལ་བཞེས་ཐོབ་པ་དང་། ལྷག་ཏུ་༧གོང་ས་ཡིད་བཞིན་ནོར་བུའི་བཀའ་ཡིག་སྤྱི་བསྩལ་བྱུང་བ་སོགས་རྟེན་འབྲེལ་ལེགས་ཚོགས་ཐམས་བཅད་དུས་སུ་སྨིན་ཏེ་ཐེངས་འདིའི་བགྲོ་གླེང་ཟབ་བརླིང་སྤྲོ་གསུམ་གྱི་ངང་འཚོགས་ཐུབ་པ་བྱུང་བ་རེད། དེའང་སྐབས་དེའི་ཉིན་གཉིས་ཀྱི་རིང་བགྲོ་གླེང་གི་མཛད་རིམ་ཇི་ལྟར་བསྐྱངས་བའི་ལོ་རྒྱུས་སྙིང་བསྡུས་ཚུལ་དུ་ཟིན་བྲིས་སུ་གདབ་ན་སྙམ།      དེའང་ཕྱི་ཚེས་༢༢ པའི་སྔ་དྲོར་ཕྱོགས་མཐའ་ནས་མགྲོན་དུ་བསུས་པའི་རིས་སུ་མ་ཆད་པའི་ཆོས་རྒྱུད་དྲུག་གི་གསུང་བཤད་པ་དང་དབུས་རྒྱུན་དང་རྒྱུན་ཟུར་རྣམས་གདན་ས་སྨན་རིའི་གླིང་དུ་དགྱེས་འཛོམས་བྱུང་སྟེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤ པ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་སྐུ་མདུན་དུ་མཇལ་བཅར་ཞུས་ཏེ་གསེར་ཞལ་དངོས་མཇལ་གྱི་སྐལ་བཟང་ཐོབ། ཕྱི་ཟླ་༤ ཚེས་༢༣ ཉིན། ཞོགས་པའི་ཆུ་ཚོད་༨།༠༠ ཐོག་ཏུ་བགྲོ་གླེང་གི་དབུ་འབྱེད་མཛད་སྒོ་དབུ་འཛུགས་ཞུས་ཤིང་། ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་ད་རེས་ཀྱི་བགྲོ་གླེང་འདི་ནས་དབུ་བཙུགས་ཏེ་རིམ་གྱིས་ཆོས་བརྒྱུད་ཕན་ཚུན་བར་ལྟ་གྲུབ་ལ་རྨོངས་པའི་མུན་པ་བསལ་སྟེ་ཤེས་རབ་ཀྱི་སྣང་བ་རྒྱས་པའི་རྟེན་འབྲེལ་མཚོན་བྱེད་དུ་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་གདན་བཞུགས་ཐོག་ཆོས་བརྒྱུད་དྲུག་གི་བགྲོ་གླེང་གསུང་བཤད་གནང་མཁན་སློབ་དཔོན་རྣམ་པ་དྲུག་དང་རྒྱུན་ལས་དང་རྒྱུན་ཟུར་རྣམས་ཀྱིས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་མཎྡལ་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་། དེའི་རྗེས་སུ་ཉིན་དེའི་བགྲོ་གླེང་ཚོགས་འདུའི་མདོ་འཛིན་པ་སྨན་རིའི་དགེ་བཤེས་ཤེས་རབ་རྣམ་རྒྱལ་མཆོག་ནས་མདོ་འཛིན་འོག་སྔོན་འགྲོའི་མཛད་རིམ་དབུ་འཛུགས་གནང་ཡོད་པ་དང་། དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ནས་བགྲོ་གླེང་གོ་སྒྲིག་ཞུས་ཕྱོགས་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།      དེ་རྗེས་རྒྱ་གར་ས་གནས་རིས་མེད་ཆོས་རྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་ས་སྐྱ་པའི་མཁན་པོ་ཁྲིཿའགྱུར་མེད་རྡོ་རྗེ་མཆོག་ནས་ཀྱང་རིས་མེད་བགྲོ་གླེང་གི་དགེ་ཕན་དང་དམིགས་ཡུལ། ལྷག་པར་དུ་གདན་ས་འདིར་ཚོགས་དགོས་པའི་དམིགས་ཡུལ་དང་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་དབུས་ས་གཉིས་ཀྱི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་དང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གསར་དུ་གསེར་ཁྲི་ལ་ཕེབས་པའི་གནས་བབ་ཡིན་ནའང་འདྲ། གནས་ཚུལ་མང་པོ་ཞིག་གི་རྟགས་དང་རྟེན་འབྲེལ་སོགས། དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་གནས་འདིར་ཚོགས་འདུ་འཚོགས་ཐུབ་པའི་ཀུན་སློང་དོན་ཐོག་ཏུ་སྨིན་པར་དགའ་མོས་ཞུ་བཞིན་ཡོད་ཅེས་གསུང་གནང་བ་དང་། དབུས་རྒྱལ་སྤྱིའི་རིས་མེད་ཆོས་བརྒྱུད་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསོད་རྒན་རིན་པོ་ཆེས་༧གོང་ས་མཆོག་ནས་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་གི་སྐབས་འདིར་ཆེད་དུ་བསྩལ་གནང་བའི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་རིས་མེད་བགྲོ་གླེང་འདི་ནི་མི་སྒེར་གྱི་ཐོབ་ཐང་དང་། རང་དོན་ཕྱོགས་ལྷུང་། དཔལ་འབྱོར་བསྡུ་སྒྲུབ་སོགས་མ་ཡིན་པར་བསྟན་པ་སྤྱི་ལ་ཕན་སེམས་དགོས་པ་དང་། མ་འོངས་པར་ཕྱོགས་མཐའ་ཁག་ནས་ཚོགས་འཆར་ཡོད་པའི་གསུང་བཤད་གནང་སོང་།       དེའི་རྗེས་ཐེངས་འདིའི་རིས་མེད་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་འཛམ་གླིང་འདིར་འཚོ་བཞུགས་གནང་བའི་སེམས་ཅན་ཀུན་གྱི་བསམ་བློ་གཅིག་གྱུར་མིན་ཕྱིན་ཆོས་ལུགས་མི་འདྲ་བ་མང་པོ་དགོས་ངེས་ཞིག་དང་། བོད་གངས་ཅན་ལྗོངས་ཀྱི་བོད་མི་ཡོད་དོ་ཅོག་སྟོན་པ་གཉིས་ཀྱི་རྗེས་འཇུག་པ་ཤ་སྟག་ཡིན་ཕྱིན། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་འབྲེལ་ནི་མི་རིགས་མཐུན་སྒྲིལ་དང་ཆོལ་གསུམ་མཐུན་སྒྲིལ་གྱི་ཐབས་ལམ་ཡག་ཤོས་ཡིན་པའི་བཀའ་སློབ་བསྩལ་བ་དང་། དེ་ཡང་ཆོས་ལུགས་མཐུན་སྒྲིལ་གྱི་རྩ་བ་དེའང་ཆོས་ལུགས་དེའི་བླ་མ་དང་དགེ་རྒན་དག་ལ་ཐད་ཀར་འབྲེལ་བ་ཡོད་ཕྱིན། རང་ཞེན་གཞན་སྡང་གི་བསམ་བློ་སྤངས་ནས་ཀུན་ལ་དག་སྣང་འོད་ཀྱིས་བརྒྱན་པ་ཞིག་ཡོང་ཐབས་འབད་དགོས་པའི་བཀའ་སློབ་བསྩལ་གནང་བ་རེད། མཐའ་དོན་དུ་ལོ་སྔོན་མར་གཡུང་དྲུང་བོན་གྱི་དབུ་ཁྲིད་༧སྐྱབས་རྗེ་དམ་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ཞིང་དུ་གཤེགས་སྐབས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་ཆོས་ལུགས་ཁག་གི་བླ་ཆེན་དག་གིས་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་དུ་མ་འབྱོར་བར་ཐེངས་འདིའི་ཚོགས་འདུའི་གོ་སྐབས་བརྒྱུད་ནས་བཀའ་དྲིན་ཆེ་ཞེས་བཀའ་སློབ་གྲུབ་རྗེས་ཉིན་འདིའི་མདོ་འཛིན་པས་ཐུགས་རྗེ་ལེགས་གསོལ་ཞུ་བའི་གསུང་བཤད་གནང་ནས་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ་ཡོད་པ་རེད།        བགྲོ་གླེང་དངོས་གཞིའི་ཚོགས་ཐུན་དང་པོར། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ནས་ཆུ་ཚོད་གཅིག་གི་རིང་གཡུང་དྲུང་བོན་གྱི་༼བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོ་སྤྲོད༽ཅེས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོས་འཛིན་དང་། རྫོགས་ཆེན་གྱི་བུ་བཞིའི་ངོ་སྤྲོད། …