རྡུང་ལེན་པ་གྲགས་བྷེའམ་རྔ་ལྗོངས་ཁུ་བྱུག

ཆོལ་གསུམ་བོད་རིགས་སྤུན་ཟླ་མང་པོའི་སྙན་ལམ་དུ་དཔྱིད་ཀྱི་དཔལ་མོ་བཞིན་ལྷང་ལྷང་དུ་གྲགས་པའི་དེང་རབས་བོད་ཀྱི་རྡུང་ལེན་པ་རྔ་ལྗོངས་ཁུ་བྱུག་གྲགས་བྷེ་ནི་ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་ས་ཡི་ལྟེ་བ། སངས་རྒྱས་ཀྱི་བསྟན་པ་དར་བའི་གནས་མཆོག རྒྱུ་འབྱོར་གྱི་མཚོ་མོ་རྒྱས་པའི་ཡུལ་གྲུ་ཆེན་པོ་རྔ་ལྗོངས་གཡང་ལྡན་ཕྱུག་མོའི་ཆར་གཏོགས་ཀ་ཤུལ་སྡེ་བའི་རྩ་གོང་ཚང་གི་ཁྱིམ་དུ་སྐྱེས།    ཁོང་ལོ་ན་ཆུང་དུས་ནས་གངས་ལྗོངས་ཁུ་བྱུག་གམ་ཡོངས་གྲགས་སུ་རྒན་གདུ་བྷེ་དང་གཞས་པ་ཆོས་གྲགས་སོགས་ཀྱིས་བླངས་པའི་རྡུང་ལེན་ལེན་རྒྱུར་ཤིན་ཏུ་སྤྲོ་བ་ཆེན་པོ་ཡོད་པ་མ་ཟད།  སྡེ་མི་ཚོས་ཀྱང་དགའ་བསུའི་ཐལ་སྒྲ་མང་པོ་ཐོབ།   དེ་ནས་རིམ་བཞིན་བོད་ཀྱི་གར་སྟེགས་ཆེ་ཆུང་མང་བོར་ཞུགས་ཤིང་ཁོང་ལ་རྔ་ལྗོངས་ཁུ་བྱུག་གི་ཆོ་ལོའང་ཐོབ།   ཁོང་ལ་མཚོན་ན་མི་རིགས་ལ་དུང་བ་ཤིན་ཏུ་ཟབ་ཅིང་བོད་ཀྱི་གདོད་མའི་ཆོས་ལུགས་སམ་གཡུང་དྲུང་བོན་གྱི་བསྟན་པ་འདི་སྲོག་བཞིན་བཀུར་མཁན་ཞིག་ཀྱང་རེད།