དགུན་གཞུང་དེར་ངའི་སེམས་པ་འཁྱག་པས་བསྡམས་སོང་།

ངའི་རེ་བའི་དགའ་སྐྱིད་ཀྱི་དགོད་སྒྲ་དེའི་སླད་དུ། ཁྱོད་ཀྱིས་སྒུག་པའི་དྲོད་ཁོལ་གྱི་ལྷན་འཛོམས་དེའི་ཕྱིར་དུ། ས་དོག་མོར་རེ་བའི་ཞགས་པ་འཕངས་ཤིང་། གནམ་སྔོན་པོར་མགྲོན་གྱི་སྡེར་ཁ་སྒྲིག་དུས། ཁྱེད་རང་སུ་ཞིག་གི་གཡོ་འོག་དུ་ཚུད་སོང་བ་ཡིན་ནམ། དགུན་གཞུང་དེར། ངའི་སེམས་པ་འཁྱག་པས་བསྡམས་སོང་། ། ནམ་རྒྱུན། ཁྱེད་རང་ངའི་དགའ་སྐྱིད་ཀྱི་གུར་ཁང་ལ་ཉུལ་རྒྱུར་ལོབས་ཡོད་ལ། ང་རང་ཁྱེད་ཀྱི་དགོད་སྒྲ་ཡི་ཞིང་ཁམས་སུ་འཁྱམ་རྒྱུར་གོམས་སོང་། དེ་རིང་། ངས་ཤེས་སོང་བ་ནི། ཁྱེད་རང་ངའི་རྨི་ལམ་དུ་འཛུལ་ནས་རྨི་ལམ་ལས་ཤོར་སོང་བས་རྐྱེན་གྱིས། ཁྱེད་ཀྱིས་ངའི་གསང་བ་མང་པོ་བརྐུས་སོང་ལ། གཏམ་རྒྱུད་མང་པོ་བཏུས་སོང་། དགུན་གཞུང་དེར། ངའི་སེམས་པ་འཁྱག་པས་བསྡམས་སོང་། ། ཁྱེད་བཞུད་ཤུལ་དུ། ངའི་མི་ཚེ་ལ་ཁ་ཕྱོགས་མེད་ཅིང་དགོད་སྒྲ་དང་འཛུམ་མདངས་དབེན། ཁྱེད་བཞུད་ཤུལ་དུ། ངའི་འཚོ་བ་ལ་ཁ་དོག་མེད་ཅིང་ཕུགས་བསམ་གྱི་ཁ་ཕྱོགས་བོར། དགུན་གཞུང་དེར། ངའི་སེམས་པ་འཁྱག་པས་བསྡམས་སོང་། ། ད་རེས། གཞུང་རྒྱུད་དྲང་བའི་ཁྱེད་ཀྱི་ཚེ་སྲོག་ལ་འཆི་བདག་རྒྱལ་པོའི་དུག་མདའ་ཕོགས་སོང་། ཨུ་ཚུགས་ཆེ་བའི་ཁྱེད་ཀྱི་ཕུགས་བསམ་ལ་གས་ཁ་ཤོར་སོང་། དགུན་གཞུང་དེར། ངའི་སེམས་པ་འཁྱག་པའི་བསྡམས་སོང་། ། ལོ་ངོ་མང་པོའི་རིང་ལ། ཁྱེད་ཀྱིས་ང་ལ་བལྟས་ཤིང་ངས་ཁྱོད་ལ་ཉན་ནས་ཡོང་། ཁྱོས་ང་བསམ་ཞིང་ངས་ཁྱེད་རང་དྲན་གྱིན་ཡོང་། ངས་ཁྱེད་རང་བཤད་ཅིང་ཁྱོས་ང་རང་དཔྱད་ཀྱིན་ཡོང་། ཁ་སང་། ང་ཁྱེད་ཀྱི་ཉན་ལམ་ན་ཡོད་ཅིང་ཁྱེད་ང་ཡི་ངག་སྒོ་ན་ཡོད་དུས། ཁྱེད་རང་བཞུད་སོང་། དགུན་གཞུང་དེར། ངའི་སེམས་པ་འཁྱག་པས་བསྡམས་སོང་།