མཚོ་འགྲམ་གྱི་ཟིན་ཐོ།

། ཞོགས་པའི་ཉི་འོད་མཚོ་ལ་ལྷུང་ཚེ་ཨ་མའི་མར་ལོ་སེར་པོ་དྲན། ། ཉིན་གུང་མཚོ་རླབས་གདོང་ལ་བཀྱེས་པས་གངས་རླུང་འཚུབ་མའི་བཟི་ཁ་ཚོར། ། མཚན་མོར་ཟླ་བའི་འོད་དང་འགྲོགས་ནས་རླབས་སྒྲ་སྙིང་ལ་སིམས་པ་ན། ། ད་གཟོད་ཞི་བའི་འཇིག་རྟེན་ཞིག་གི་གསང་བའི་གཏམ་རྒྱུད་རྙེད་པར་གྱུར། །  ། ཉི་འོད་བྱེ་མའི་སྤུབས་སུ་ཟུག་པས་སྐྱི་པགས་མེ་རུ་འབར་ལ་ཁད། ། ཁ་དག་ལྟ་བུའི་རླབས་རིས་དག་ཀྱང་མཛེས་མའི་རྐང་གདུབ་ཉིད་དུ་གྱུར། ། ཆུ་རྩལ་ལ་རྨོངས་སྐྱེ་བོའི་ཚོགས་ནི་ཡང་ཡང་རླབས་ཀྱིས་བསྣན་པ་ན། ། ཚ་ཁུས་གདུང་སྟེ་འཁྱག་ཆུ་བཏུང་ལ་ནན་གྱིས་བྲེལ་འདི་གད་མོའི་གནས། །  ། རྐང་རྗེས་བྱེ་མའི་ཀློང་དུ་སྦར་བ་མཚོ་རླབས་རེ་རེས་འཇིག་པར་བྱེད། ། མཚོ་རླབས་རེ་རེའི་གཡོ་འཁྱོམ་ཁྲོད་ནས་ཚེ་སྲོག་མང་པོའི་ལས་དབང་མཐོང་། ། རླུང་འཕྲུལ་ཟུང་གིས་ཡང་ཡང་སྐྱོད་པའི་གྲུ་ཡི་གར་སྟབས་རེ་རེ་ཡིས། ། མི་ཚེ་འདི་ཡང་ཡུད་ཙམ་ཡིན་པའི་བརྡ་ལན་ཤུགས་ཀྱིས་གཏོང་བཞིན་འདུག། ། ཉི་ཟེར་མཚོ་ཡི་དཀྱིལ་ཏུ་ལྷུང་བས་ག་ལེར་སྨག་གི་འཇིག་རྟེན་བསུས།། མཚོ་མོ་དལ་གྱིས་གཉིད་དུ་ཡུར་བས་འགྲུལ་བ་དག་ཀྱང་རང་སར་བཞུད།། གློག་དང་ཞགས་སྒྲོན་འོད་ལ་རེ་བའི་མཚོ་འགྲམ་སྤྱིལ་བུའི་སྒོ་འགྲམ་ན།། ན་ཆུང་གཞོན་ནུ་རྩེད་འཇོས་བཟི་སྟེ་སྐྱ་རེངས་བསུ་ལ་མངོན་དུ་ཕྱོགས།། ། མདོར་ན་ང་དང་ཁྱོད་ཀྱི་བརྩེ་བ་མཚོ་མོའི་གཏིང་བཞིན་ཟབ་པ་དང་།། ཐུང་ཐུང་མི་ཚེའི་ཕུགས་འདུན་དེ་ཡང་རྒྱ་མཚོའི་ནོར་ལྟར་ཕྱུག་ན་ཡང་།། སྐད་ཅིག་ཙམ་གྱིས་ཡལ་བར་ངེས་ཀྱང་དེའི་རྒྱུན་འཛད་པ་མི་སྲིད་པའི།། འདིར་སྣང་དངོས་ཀུན་སྟོང་བའི་བསམ་གཏན་རླབས་ཀྱི་ཕྲེང་ལྟར་བརྟན་གྱུར་ཅིག། ། །